
གཅིག ཆུ་འཐུང་ཚད་འདང་བར་བྱེད་པ།
《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་ཕྱོགས་སྟོན》ལྟར་ན། དྲོད་འཇམ་གྱི་ནམ་ཟླའི་ཆ་རྐྱེན་འོག ལུས་པོའི་འགུལ་སྐྱོད་ཆུ་ཚད་དམའ་བའི་སྐྱེས་པ་དར་མས་ཉིན་རེར་ཆུ་ཧའོ་ཧྲེང1700རེ་དང་། བུད་མེད་དར་མས་ཉིན་རེར་ཆུ་ཧའོ་ཧྲེང1500རེ་བཏུང་འོས། དབྱར་ཁར་རྔུལ་ཆུ་བཞུར་ཚད་མང་བས། ཆུ་ཡི་དགོས་མཁོ་ཇེ་ཆེར་སོང་ཡོད་ལ། དྲོད་ཚད་མཐོ་བའི་གནས་སུ་ངལ་རྩོལ་དང་འགུལ་སྐྱོད་བྱེད་པའི་སྐབས་སུ་ཆུའི་དགོས་མཁོ་དེ་ལས་ཆེ་བས། ཕྱི་རོལ་ལ་འགྲོ་སྐབས་ཆུ་དེམ་ཁྱེར་ན་ལེགས་ཤིང་། སྐར་མ30རེའི་ནང་ལ་ཆུ་ཧའོ་ཧྲེང100ནས200བཏུང་འོས། ཡིན་ཡང་ཆུ་རྔམ་འཐུང་བྱས་ན་མི་བཟང་།
གཉིས། ཆུ་འཁྱགས་ཉུང་འཐུང་བྱེད་པ།
ཆུ་འཁྱགས་ཀྱིས་ཚ་བ་སེལ་ཐུབ་པར་སྙམ་ནས་ཆུ་འཁྱགས་ནང་དུ་འཁྱགས་དར་བསྣན་ཏེ་འཐུང་བ་ནི་ན་གཞོན་ཚོས་དབྱར་ཁར་ཆུ་འཐུང་སྐབས་ཀྱི་རྒྱུན་མཐོང་གི་དགོས་མཁོ་ཞིག་ཏུ་གྱུར་འདུག ཡིན་ནའང་ཞིབ་འཇུག་བྱས་པ་ལྟར་ན། ཆུ་འཁྱགས་ཀྱིས་གནས་སྐབས་ཙམ་ལ་ལུས་དྲོད་མར་ཆག་པར་བྱེད་པ་མ་གཏོགས་སྐོམ་པ་སེལ་མི་ནུས་ལ། ཆུ་འཁྱགས་མང་པོ་འཐུང་ན་ད་དུང་ཕོ་བ་དང་རྒྱུ་མར་ཟུག་སློང་ཐེབས་ནས་རྩ་འཁུམ་པ་དང་གསུས་པ་མི་བདེ་བ་སོགས་ཀྱི་སྣང་ཚུལ་འབྱུང་ངེས།
གསུམ། ཀ་ར་འདུས་པའི་ཆུ་ཉུང་འཐུང་བྱེད་པ།
དབྱར་ཁ་ཚ་བ་ཆེ་བས། མི་མང་པོ་ཀ་ར་འདུས་པའི་བཏུང་བ་སྣ་ཚོགས་འཐུང་བར་དགའ། ཡིན་ནའང་ཀ་ར་འདུས་པའི་བཏུང་བ་མང་པོ་འཐུང་ན། སོ་སྲིན་བསྐྱེད་པ་དང་ཚོ་འབུད་པ། གཅིན་སྙི་ཟ་ཁུའི་ནད་བསྐྱེད་པ་སོགས་ཀྱི་ཉེན་ཁ་ཡོད་པས། ཆུ་དྲོད་འཇམ་མང་ཙམ་འཐུང་འོས་ཏེ། ཆུ་དྲོད་འཇམ་གྱིས་ནུས་ཚད་ཁ་སྣོན་བྱེད་ཐུབ་པ་དང་བདེ་ཐང་གི་ཉེན་ཁའང་མེད།
བཞི། ཆུའི་འཕྲོད་བསྟེན་ལ་དོ་སྣང་བྱེད་པ།
དབྱར་ཁ་ཚ་བ་ཆེ་ཞིང་མཁའ་དབུགས་ཀྱི་བརླན་ཚད་ཆེ་བས། ཕྲ་སྲིན་སྐྱེ་འཕེལ་བྱེད་པ་མགྱོགས་ལ། ཆུ་ཡུན་རིང་ལ་བཞག་ན་དེའི་ནང་དུ་སྐྱེ་དངོས་ཕྲ་རབ་ཀྱང་འབྱུང་སླ་བ་ཡིན། དེ་བས། འཐུང་ཆུ་ལ་མཁའ་དབུགས་ཁྲོད་ཀྱི་སྐྱེ་དངོས་ཕྲ་རབ་ཀྱིས་འབག་བཙོག་མི་བཟོ་བར་བྱ་དགོས། དམ་བེའི་ནང་གི་ཆུ་འཐུང་སྐབས། དམ་བེའི་ཁ་ཕྱེ་རྗེས་ལམ་སང་འཐུངས་དགོས་པ་ལས། ཁ་ཕྱེས་ཏེ་ཡུན་རིང་ལ་འཇོག་མི་རུང་།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།