
ཉེ་ལམ། མཐོ་སྒང་གི་ཁམས་གསོ་གླེང་སྟེགས་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་བསྡུས། གླེང་སྟེགས་ཀྱིས་སྒུལ་ནུས་གསར་པ་གཅིག་བསྡུས་དང་དགེ་མཚན་གསར་པ་བསྐྲུན་པ། མ་འོངས་གསར་པ་མཉམ་སྤྱོད་བཅས་བརྗོད་གཞིར་བྱས་ཏེ་ལོ་གཅིག་རིང་གི་མཐོ་སྒང་གི་ཁམས་གསོ་གསོ་རིག་ཞིབ་འཇུག་དང་ལག་ལེན་གྲུབ་འབྲས་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་པར་མ་ཟད། ལས་རིགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྟེགས་བུ་བསྐྲུན།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ནས་མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་པར་མ་ཟད། སྐབས་དང་པོའི་མཐོ་སྒང་གསོ་རིག་ཞིབ་འཇུག་ཚོགས་འདུ་བདེ་བླག་ངང་སྤེལ། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་གྱི་འགུལ་སྐྱོད་ཇུས་གཞི་ཞེས་པ་དང་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་འགའ་ཞེས་པ་གཏན་འབེབས་བྱས་པར་མ་ཟད། ཉིས་སྟོང་ཉེར་ལྔ་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་ལེགས་འགྲུབ་བྱས་ཏེ་འཛམ་གླིང་རིམ་པའི་མཐོ་སྒང་སྐྱེ་ཁམས་ཁམས་གསོ་དམིགས་སའི་ཁུལ་དང་རྒྱལ་ཁབ་ཀྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བདེ་ཐང་ཞབས་ཞུའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་གཏན་འབེབས་གསལ་བོ་བྱས།
རྗེས་ཕྱོགས་མཚོ་སྔོན་གྱིས་མཐོ་སྒང་གསོ་རིག་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་ཚན་རིག་ལ་བརྟེན་ནས་མཚོ་འཕགས་བཟང་བའི་ས་ཁུལ་གྱི་ཁོར་ཡུག་གིས་མི་ལུས་བདེ་ཐང་ལ་ཐེབས་པའི་སྐུལ་འདེད་ནང་རྐྱེན་ལ་འགྲེལ་བཤད་བྱས་ནས་རྨང་གཞིའི་མ་ལག་ཚད་ལྡན་འཛུགས་པ་དང་། འཕྲོད་བསྟེན་བདེ་ཐང་དང་རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱི་དེང་རབས་ཁམས་གསོ་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། རིག་གནས་ཅན་གྱི་ཁམས་གསོ་ཞབས་ཞུ་དང་ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཁམས་གསོ་འཕེལ་རྒྱས་སུ་བཏང་ནས་ཡུལ་སྐོར་དང་ཁམས་གསོ་མཉམ་བསྲེས་ཀྱི་ལས་རྣམ་གསར་པ་བསྐྲུན་པ། རྨང་གཞིའི་འཛུགས་སྐྲུན་དང་ཞབས་ཞུའི་རྣམ་པ་འཐུས་ཚང་དུ་གཏོང་བ་སོགས་བྱས་ཏེ་རྣམ་པ་ཆ་ཚང་བའི་མཐོ་སྒང་གི་ཁམས་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་རེད།
མཚོ་སྔོན་ལ་དག་གཙང་གི་སྐྱེ་ཁམས་དང་བོད་ལུགས་གསོ་རིག་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས་མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། གླེང་སྟེགས་ཀྱིས་ལས་རིགས་སོ་སོའི་མི་སྣ་མཉམ་ཞུགས་བྱས་ཏེ་མཐོ་སྒང་གི་ཁམས་གསོ་ཐོད་བརྒལ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་རིགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།