ཟླ་མཚན་གྱི་འབྲེལ་ཡོད་ཤེས་བྱའི་སྐོར།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 32

གཅིག ཟླ་མཚན་ནི་བུད་མེད་རྣམས་ལང་ཚོ་དར་ལ་བབས་པའི་དུས་ནས་འགོ་ཚུགས་ཏེ་འབབ་པ་དང་། སྤྱིར་བཏང་ཉིན་ཉི་ཤུ་རྩ་བརྒྱད་ཀྱི་མཚམས་སུ་ཐེངས་རེ་འབབ་པ་ཡིན་མོད།    ལུས་ཁམས་ཀྱི་ཁྱད་ཆོས་མི་གཅིག་པའི་དབང་གིས་བུད་མེད་ལ་ལར་ཉིན་ཉི་ཤུའི་མཚམས་སུ་འབབ་པ་དང་ལ་ལར་ཉིན་བཞི་བཅུ་ཞེ་ལྔ་ཙམ་ནས་ཐེངས་རེ་འབབ་མཁན་ཡང་ཡོད།   ཟླ་མཚན་འབབ་པའི་དུས་ཡུན་སྤྱིར་བཏང་ཉིན་གསུམ་ནས་ལྔ་བར་ཡིན་པ་དང་ནད་མེད་པའི་བུད་མེད་ཀྱི་ཟླ་མཚན་དམར་ལ་དྭངས་མོ་ཡིན།

གཉིས།   ཟླ་མཚན་མ་བབས་པའི་སྔོན་གྱི་ཉིན་ཤས་ནང་ལུས་ཁམས་མི་བདེ་བའི་ཚོར་སྣང་སྣ་ཚོགས་ཡོད་དེ། དཔེར་ན་ནུ་མ་གཟེར་བ་དང་རྒྱུ་ཞབས་སྤོས་པ།   བཤང་བ་འགག་པ།   ལུས་ངལ་བ།   ཤ་གནད་གཟེར་བ།   མཚན་ལམ་གྱི་བརླན་གཤེར་ཇེ་མང་དུ་འགྲོ་བ་སོགས་ནད་རྟགས་མང་ཉུང་སྣ་ཚོགས་འབྱུང་སྲིད།

གསུམ།  ཟླ་མཚན་འབབ་པའི་སྐབས་སུ་འཕྲོད་བསྟེན་ལ་དོ་སྣང་གང་ལེགས་བྱས་ཏེ་ནང་ལྭ་གཙང་མར་བཀྲུས་ནས་ཡང་ཡང་བརྗེ་བ་དང་།   མཚན་མ་ཆུ་དྲོད་འཇམ་གྱིས་བཀྲུ་བ།   ལུས་ཁམས་ཀྱི་དྲོད་སྲུང་ལ་དོ་སྣང་གང་ལེགས་བཅས་བྱེད་དགོས།

བཞི།   ཟླ་མཚན་འབབ་སྐབས་ཚལ་སྣག་མང་ཙམ་ཟོས་ན་ལྕགས་རྒྱུ་ཁ་གསབ་དང་ཁྲག་གསོ་རྒྱུར་ཕན་པ་ཡོད།

ལྔ།  ཟླ་མཚན་ནི་བུད་མེད་རྣམས་ཀྱི་བདེ་ཐང་གི་མཚོན་རྟགས་ལྟ་བུ་ཞིག་ཡིན་པས།   ཟླ་མཚན་སྔ་སྣུར་གྱིས་ཆད་པ་ནི་ལོ་ན་རྒས་པའི་སྔོན་རྟགས་ཤིག་ཡིན།  གསོ་རིག་མཁས་པས་ཞིབ་འཇུག་བྱས་པ་ལྟར་ན།   བུད་མེད་ཀྱི་མི་ཚེ་ཧྲིལ་བོར་ཁམས་དམར་ཧའོ་ཧྲེང་བཞི་བརྒྱ་ནས་ལྔ་བརྒྱ་ལྷག་ཕྱིར་འབུད་ཀྱིན་ཡོད་ལ།   ཟླ་མཚན་ཐོག་མར་བབས་པ་ནས་ཟླ་མཚན་ཡོངས་སུ་ཆད་པའི་དུས་བར་ལོ་བཞི་བཅུ་ཙམ་འགོར་གྱི་ཡོད་པས།   བདེ་ཐང་གི་བུད་མེད་ཅིག་ལ་མཚོན་ན་ཟླ་མཚན་ཆད་པའི་དུས་ནི་ལོ་ང་ལྔའི་གཡས་གཡོན་ཡིན་དགོས་པ་རེད།

འོན་ཀྱང་།    ལོ་སོ་ལྔ་ཙམ་ནས་བསམ་སེའུའི་ནུས་པ་རིམ་བཞིན་ཇེ་ཞན་དུ་འགྲོ་བ་དང་མཉམ་དུ་བུད་མེད་ཀྱི་སྐུལ་རྒྱུ་རིམ་བཞིན་ཇེ་ཉུང་དུ་འགྲོ་བ་དང་ཟླ་མཚན་ཡང་རང་བཞིན་དུ་དུས་ཐོག་ལ་སླེབས་མི་ཐུབ་པ་ཡིན།    བུད་མེད་ལ་ལར་བསམ་སེའུའི་འཚོ་བཅུད་ཚུལ་བཞིན་མ་འདང་བ་ལས་ལོ་བཞི་བཅུའི་གོང་དུ་ཟླ་མཚན་ཆད་པ་དང་། པགས་མདོག་སེར་སྐྱ་དང་པགས་པ་རྩུབ་མོར་འགྱུར་བ།   གཉེར་མ་ཇེ་མང་དུ་འགྲོ་བ།  གཉིད་ཡེར་བ།   དྲན་ཤེས་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་འབྱུང་ངེས།

ཟླ་མཚན་ཆད་སྔ་ན་ཁམས་ཟད་པའི་དུས་སྐབས་འབྱུང་སྔ་བ་དང་།   ཤུགས་མེད་པ་དང་སེམས་ལ་སུན་སྣང་སྣ་ཚོགས་སྐྱེ་བ།   གཉིད་མི་ཁུག་པ་སོགས་ལང་ཚོ་རྒས་པའི་རྟགས་ཀྱང་འབྱུང་ངེས།  དེར་མ་ཟད།   བུད་མེད་ཀྱི་འབྲས་སྐྲན་ནད་མང་ཆེ་བ་ཟླ་མཚན་ཆད་པའི་རྗེས་ཀྱི་བུད་མེད་ལ་འབྱུང་བ་མང་།

དྲུག   ལང་ཚོ་དར་བའི་སྐབས་སུ་ཟླ་མཚན་ནི་བུད་མེད་རྣམས་ཀྱི་ལུས་ཁམས་ཀྱི་ཆོད་ཉིད་ལ་འགྱུར་ལྡོག་ཅི་བྱུང་གི་མངོན་རྟགས་ཤིག་ཡིན་ཏེ། དཔེར་ན་མངལ་ཆགས་ན་ཟླ་མཚན་མི་འབབ་པ་དང་། དེ་མིན་བུ་སྣོད་ཀྱི་འབྲས་སྐྲན་རིགས་མང་ཆེ་བར་ཟླ་མཚན་མི་འབབ་པའམ་ཟླ་མཚན་མི་ཆད་པ་སོགས་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་སྲིད་པས།   བུད་མེད་རྣམས་ཀྱིས་ཟླ་མཚན་གྱི་ཆོས་ཉིད་ལ་དོ་སྣང་བཟང་བོ་བྱས་ནས་ནད་རིགས་སྔ་མོ་ནས་བརྟག་དཔྱད་དང་ཤེས་རྟོགས་བྱེད་དགོས།

གོང་གི་ཤེས་བྱ་འདི《བདེ་སྲུང་རྒྱུན་ཤེས》ལས་བདམས་པ་ཡིན།