དབྱར་ཁར་ལུས་སྦྱོང་འདི་འདྲ་བྱས་ན་ཕན་ཐོགས་ཆེན་པོ་འདུག

ཁུངས། ཀློག་གྲངས།

གཅིག འཆམ་འཆམ་དུ་འགྲོ་བ།

འཆམ་འཆམ་དུ་འགྲོ་བ་ནི་དབྱར་ཁའི་ལུས་སྦྱོང་ཡག་ཤོས་ཀྱི་གྲས་ཤིག་ཡིན་ལ། རྒན་དར་གཞོན་གསུམ་ཚང་མར་འཚམ་པོ་ཡོད། ང་ཚོས་རང་ཉིད་ཀྱི་ལོ་ཚོད་དང་། ལུས་པོར་གཞིགས་ཏེ་འཆམ་འཆམ་འོས་འཚམ་བྱེད་དགོས། ཡིན་ཡང་དོ་སྣང་བྱེད་དགོས་པ་ཞིག་ལ། གལ་སྲིད་ཁྱེད་རང་འཆམ་འཆམ་དུ་འགྲོ་དུས་མགོ་ན་བ་དང་། ངལ་དུབ་ཆེ་བ་སོགས་བྱུང་ཚེ་ངལ་གསོ་ཏོག་ཙམ་བྱས་ན་ལེགས།

གཉིས། ཆུར་རྐྱལ་བ།

ཆུར་རྐྱལ་བ་ནི་ལག་པ་དང་རྐང་པ། རྐེད་པ་སོགས་ལ་སྦྱོང་བརྡར་ཐོབ་པ་དང་། སྙིང་དང་ཀླད་པ། གློ་བ། མཆིན་པ་སོགས་དང་། ལྷག་པར་དུ་ཁྲག་གི་འཁོར་རྒྱུག་ལ་ཧ་ཅང་ཕན་པའི་ལུས་སྦྱོང་ཞིག་ཡིན་པས། མི་མང་པོ་ཞིག་གིས་དེར་ཁྲག་རྩའི་སྦྱོང་བརྡར་ཞེས་བརྗོད་ཀྱིན་ཡོད། དེར་མ་ཟད། ཤ་རྒྱགས་པ་ཚོས་ཆུ་རྐྱལ་འོས་འཚམ་བྱས་ན་ཤ་ཇེ་རིད་དུ་འགྲོ་སྲིད། ཐེངས་རེར་སྐར་མ་བཅུ་ནས་སུམ་ཅུ་དང་། གཟའ་འཁོར་རེར་ཐེངས་གཉིས་ནས་གསུམ་བྱས་ན་ཧ་ཅང་འཚམ་པོ་ཡོད། འོན་ཀྱང་། དགོང་མོའི་ཆུ་ཚོད10པའི་རྗེས་སུ་ཆུར་རྐྱལ་ཚེ། གཉིད་མི་ཁུག་པའི་གནས་ཚུལ་ཡང་ཐོན་སྲིད།

གསུམ། བྱ་སྒྲོའི་སྤོ་ལོ་རྩེ་བ།

བྱ་སྒྲོའི་སྤོ་ལོ་ནི་ལུས་པོ་ཡོངས་ལ་སྦྱོང་བརྡར་ཐུབ་པའི་ལུས་རྩལ་ཞིག་རེད། བྱ་སྒྲོའི་སྤོ་ལོ་འོས་འཚམ་བརྩེས་ན་ལུས་པོ་བདེ་ཐང་ཡོང་བ་དང་མཇིང་ཚིགས་ཀྱི་ནད་འགོག་ཐུབ། ལྷག་པར་ལུས་ཀྱི་དུག་རྒྱུ་ཕྱིར་འཕུད་པར་སྐུལ་འདེད་གཏོང་ཐུབ། དེར་བརྟེན། ན་གཞོན་ཚོས་ཐེངས་རེར་སྐར་མ40ནས50བར་དང་། རྒན་པ་དང་ལུས་སྟོབས་ཅུང་ཞན་མཁན་གྱིས་སྐར་མ20ནས30བར་བརྩེས་ན་འཚམ་པོ་ཡོད།

བཞི། ཡོ་ག་སྦྱོང་བ།

ཡོ་ག་ནི་དབྱར་ཁའི་ལུས་སྦྱོང་གི་གདམ་ག་ཡག་ཤོས་ཤིག་རེད། དབྱར་དུས་མིའི་ལུས་ཕུང་མཉེན་པོ་ཡིན་པས། ཚིགས་འཆུས་པ་སོགས་ཐོན་མི་སྲིད། དེར་བརྟེན། ཁོག་པ་སྟོང་པར་ཡོ་ག་རྩེད་ན་ཕན་ནུས་ཆེ་བ་དང་། རབ་ཡིན་ན་ཟ་མ་ཟོས་ནས་ཆུ་ཚོད་གཉིས་གསུམ་ཙམ་གྱི་རྗེས་དང་། ཡང་ན་ཡོ་ག་བརྩེས་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ཟ་མ་ཟོས་ན་ལེགས། ད་དུང་། ཡོ་ག་བརྩེས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་ཚུན་དུ་ལུས་པོ་བཀྲུ་མི་རུང་།  

                                                                                                                 རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།