
གཅིག དགོང་ཟས་ཟ་རྒྱུ་འཕྱི་དྲགས་པ། ཞིབ་འཇུག་ལས་མངོན་པ་ལྟར་ན། ཞོགས་པའི་ཆུ་ཚོད་བརྒྱད་པའི་སྔོན་དུ་ཞོགས་ཟས་ཟ་བ་དང་། དགོང་མོའི་ཆུ་ཚོད་བདུན་པའི་སྔོན་དུ་དགོང་ཟས་ཟོས་ན། རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་ཕོག་ཚད་ཇེ་དམའ་རུ་གཏོང་ཐུབ། གལ་ཏེ་དགོང་ཟས་ཟ་རྒྱུ་འཕྱི་དྲགས་ན་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།
གཉིས། ཤ་དམར་ཟ་རྒྱུ་མང་དྲགས་པ། ཞིབ་འཇུག་ལས་ཤེས་པ་ལྟར་ན། དུས་རྒྱུན་ཕག་ཤ་དང་ལུག་ཤ ནོར་ཤ་བཅས་ཟ་རྒྱུ་མང་དྲགས་ན་གཅིན་སྙི་ཟ་ཁུའི་ནད་ཕོག་ཚད་ཇེ་ཆེར་འགྲོ་བ་རེད།
གསུམ། བཏུང་བྱ་མངར་མོ་འཐུང་རྒྱུར་དགའ་བ། ཞིབ་འཇུག་ལས་མངར་ཆ་འདྲེས་པའི་བཏུང་བྱ་དང་། མིས་བཟོས་མངར་རྫས་ཀྱི་བཏུང་བྱ་འཐུང་ན་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་མངོན་ཡོད། ཉིན་རེར་མངར་ཆ་འདྲེས་པའི་བཏུང་བྱ་ཤེལ་ཕོར་གཉིས་སམ་དེའི་ཡན་འཐུང་མཁན་ལ་གཅིན་སྙི་ཟ་ཁུའི་ནད་ཕོག་ཚད་བརྒྱ་ཆའི་ཞེ་གཅིག་ཇེ་མཐོར་འགྲོ་སྲིད། ཉིན་རེར་མིས་བཟོས་མངར་རྫས་ཀྱི་བཏུང་བྱ་ཤེལ་ཕོར་གཉིས་སམ་ཡང་ན་དེའི་ཡན་འཐུང་མཁན་ལ་གཅིན་སྙི་ཟ་ཁུའི་ནད་ཕོག་ཚད་བརྒྱ་ཆའི་བཅུ་གཅིག་ཇེ་མཐོར་འགྲོ་སྲིད། བཏུང་བྱ་མངར་མོས་ལུས་པོར་བཟོས་པའི་གནོད་པ་དེ་ལུས་སྦྱོང་བྱས་ཀྱང་སེལ་ཐབས་མེད།
བཞི། དུས་རྒྱུན་ཆང་འཐུང་བའི་གོམས་གཤིས་ཡོད་པ། སྦི་རག་ལ་ལའི་ཁྲག་མངར་སྟོན་གྲངས་ཧ་ཅང་མཐོ་ཞིང་། འབྲས་དང་བྱེ་མ་ཀ་ར་ལས་ཀྱང་མཐོ་བས། དུས་རྒྱུན་ཆང་འཐུང་ན་གཅིན་སྙི་ཟ་ཁུའི་ནད་ཕོག་ཉེན་ཆེ།
ལྔ། དུས་རྒྱུན་གློག་བཀར་ནས་གཉིད་པ། ཞིབ་འཇུག་ལས་མངོན་པ་ལྟར་ན། གློག་བཀར་ནས་གཉིད་ན། ཕྱི་ཉིན་ཞོགས་པར་རྨེན་གཤེར་འགོག་ཤུགས་ཇེ་ཞན་དུ་སོང་ནས་ཁྲག་མངར་ཚོད་འཛིན་མི་ཐུབ་པ་བཟོ་སྲིད། དུས་ཡུན་རིང་པོར་དེ་ལྟར་བྱས་ན་གཅིན་སྙི་ཟ་ཁུའི་ནད་ཕོག་སླ།
དྲུག དུས་རྒྱུན་གཉིད་མི་འདང་བ། ཉིན་རེར་ཆུ་ཚོད་དྲུག་མན་ལ་གཉིད་མཁན་ཡིན་ན་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་ཕོག་སླ། ཉིན་རེའི་གཉིད་པའི་དུས་ཚོད་མ་མཐའ་ཡང་ཆུ་ཚོད་བདུན་རྒྱུན་འཁྱོངས་བྱས་ན་བཟང་།
བདུན། འདུག་རྒྱུ་མང་དྲགས་པ། ཉིན་རེར་འདུག་ཡུན་ཆུ་ཚོད་དྲུག་ཡན་ལས་བརྒལ་མཁན་ལ་གཅིན་སྙི་ཟ་ཁུའི་ནད་སོགས་དལ་གཤིས་ནད་རིགས་བཅུ་གཉིས་ཕོག་པའི་ཉེན་ཁ་བརྒྱ་ཆའི་ཉེར་དྲུག་ཚེག་བདུན་གྱིས་མཐོ་བ་རེད།
བརྒྱད། དུས་རྒྱུན་ལུས་སྦྱོང་མི་བྱེད་པ། ལུས་སྦྱོང་ཚད་ལྡན་བྱས་ན་ཁྲག་མངར་ཕབ་པའི་ནུས་པ་ཡོད་པར་མ་ཟད། ད་རུང་ཚོར་ལོག་རང་བཞིན་ཇེ་མང་དང་གཟུགས་གཞི་ཇེ་ལེགས། སྙིང་རྩའི་ཉེན་ཁ་ཇེ་དམའ་རུ་གཏོང་བའི་ནུས་པ་ལྡན་པས། ནད་རིགས་སྣ་ཚོགས་འབྱུང་བ་སྔོན་འགོག་བྱེད་ཐུབ།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།