
བུད་མེད་ལ་མཚོན་ན། གཉིད་མི་བདེ་བའི་ཚད་དེ་སྐྱེས་པའི་ལྡབ་གཉིས་ཡིན། ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། མཚན་མའི་སྐུལ་རྩིའི་ཟགས་ཐོན་གྱིས་གཉིད་ཀྱི་སྤུས་ཀ་དང་ཉིན་མཚན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དང་། གཉིད་ཀྱིས་དེ་ལས་ལྡོག་སྟེ་མཚན་རྨེན་སྐུལ་རྩིའི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། བུད་མེད་ལ་མཚོན་ན། ཟླ་མཚན་གྱི་འཁོར་ཡུན་དང་ལང་ཚོའི་དུས་སྐབས། མངལ་སྦྲུམ་པའི་དུས་དང་ཟླ་མཚན་ཆད་པའི་དུས་བཅས་ཀྱི་འབྲེལ་ཡོད་སྐྱེ་ཁམས་འགྱུར་ལྡོག་གིས་གཉིད་ཀྱི་སྤུས་ཀ་དང་ཉིན་མོའི་ལུས་པོའི་བྱེད་ནུས། འཚོ་བའི་སྤུས་ཚད་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།
སྐུལ་རྩིའི་འགྱུར་ལྡོག་ནི་བུད་མེད་གཉིད་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།
དང་པོ། ཟླ་མཚན་ཡོང་བའི་སྐབས།
ཟླ་མཚན་ཡོང་བའི་སྐབས་ཀྱི་འབྲེལ་ཡོད་གཉིད་ཉལ་བར་གེགས་ལ་ཟླ་མཚན་མ་ཡོང་སྔོན་དུ་གཉིད་ཡེར་པ་དང་། ཟླ་མཚན་མ་ཡོང་སྔོན་དུ་གཉིད་ཡོང་བ། ཟླ་མཚན་ཆད་པའི་སྐབས་སུ་གཉིད་ཡེར་པ་བཅས་འདུ། བུད་མེད་རྣམས་ལ་ཟླ་མཚན་མ་ཡོང་སྔོན་དུ་གཉིད་ལོག་དཀའ་བའི་སྣང་ཚུལ་འབྱུང་སྲིད་པ་དང་། དུས་རིམ་འདིར་དམིགས་པའི་གཉིད་ཉལ་བར་གེགས་སྨན་བཅོས་བྱེད་པ་ནི་དུས་ཚོད་གཞན་པའི་གཉིད་ཉལ་བར་གེགས་ཀྱི་སྨན་བཅོས་བྱེད་ཐབས་དང་འདྲ་བ་ཡིན། བྱ་སྤྱོད་ཐད་ཀྱི་བཅོས་ཐབས་ནི་རྒྱུན་མཐོང་གི་ཟླ་མཚན་སྔོན་གྱི་མི་བདེ་བའི་ནད་རྟགས་གསོ་བཅོས་བྱེད་པར་བཀོལ་ཆོག དཔེར་ན་ཚིགས་ཇ་འཐུང་བར་ཚོད་འཛིན་བྱས་ན་ཟླ་མཚན་སྔོན་དུ་གཉིད་ཡེར་བའི་སྣང་ཚུལ་སྒྱུར་བཅོས་གཏོང་ཐུབ་པ་དང་། ཚྭ་ཉུང་དུ་ཟོས་ན་ཕོ་བ་སྦོས་པའི་ཚོར་བ་ཇེ་ཆུང་དུ་གཏོང་ཐུབ།
གཉིས་པ། མངལ་སྦྲུམ་པའི་སྐབས།
མངལ་སྦྲུམ་པའི་སྐབས་སུ་བུད་མེད་ལ་རྒྱུན་དུ་གཉིད་ཉལ་བར་གེགས་མང་པོ་འབྱུང་སྲིད། དེའི་རྒྱུ་རྐྱེན་གཙོ་བོ་མངལ་སྦྲུམ་ནས་ཐོག་མའི་དུས་སུ་མཚན་མའི་སྐུལ་རྩིའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བ་དང་།མངལ་སྦྲུམ་པའི་དུས་དཀྱིལ་དང་དུས་མཇུག་ཏུ་བུ་སྣོད་ཇེ་ཆེར་སོང་ནས་ལུས་པོ་མི་བདེ་བ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན། མངལ་སྦྲུམ་སྐབས་ཀྱི་གཉིད་ཉལ་བར་གེགས་ཀྱི་སྨན་བཅོས་བྱེད་ཐབས་གཙོ་བོས་བུད་མེད་ཀྱི་དམིགས་བསལ་རང་བཞིན་གྱི་ལུས་པོའི་ནད་རྟགས་ཇེ་ཡང་དུ་གཏོང་ཐུབ། དཔེར་ན། རྐེད་པ་ན་བ་དང་སྐྱུག་རྒྱུ་ཡོང་བ་སོགས་ཀྱི་སྣང་ཚུལ་ཇེ་ཡང་དུ་གཏོང་ཐུབ། ཁ་གཏད་རང་བཞིན་གྱི་བྱེད་ཐབས་ཁ་ཤས་ཀྱིས་སྦྲུམ་མའི་གཉིད་ཀྱི་སྤུས་ཚད་ལེགས་བཅོས་བྱེད་ཐུབ་སྟེ། དཔེར་ན། ཁ་ཚའི་ཟས་རིགས་དང་ཚིགས་ཇ་ཉུང་དུ་འཐུང་བ་དང་། ཉལ་བའི་སྐབས་སུ་ལུས་པོ་ཅུང་མཐོན་པོར་འདུག་པ། སྦྲུམ་མས་སྔས་མགོ་འཇོག་པ་དང་ཟུར་དུ་ཉལ་ནས་རྐེད་པའི་ན་ཟུག་ཇེ་ཡང་དུ་གཏོང་བ་སོགས་ཡིན།
གསུམ་པ། རོ་ཙ་ཉམས་པའི་སྐབས།
ཟླ་མཚན་ཆད་རྗེས་བུད་མེད་ལ་གཉིད་ཡེར་བའི་སྣང་ཚུལ་འབྱུང་བ་ནི་རོ་ཙ་ཉམས་པའི་རྟགས་འདུས་ནད་རྟགས་ཤིག་ཡིན། དེའི་རྒྱུ་རྐྱེན་ནི་ཕྱོགས་གཅིག་ནས་སྐུལ་རྩིའི་ཆུ་ཚད་ཀྱི་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བུད་མེད་ལ་ཟླ་མཚན་ཆད་རྗེས་བྱུང་བའི་སེམས་ཁམས་ཀྱི་ནད་རིགས་དང་འབྲེལ་བ་ཡོད་པ་རེད། བུད་མེད་ལ་ཟླ་མཚན་ཆད་རྗེས་སྐུལ་རྩིའི་ཆུ་ཚད་ཇེ་དམའ་རུ་སོང་ནས་གཉིད་ཉལ་བར་གེགས་བྱུང་བ་དང་། ནད་ཀྱི་བྱུང་ཚད་དེ་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཇེ་མང་དུ་འགྲོ་བ་ཡིན། ཟླ་མཚན་ཆད་རྗེས་ཀྱི་བུད་མེད་ལ་གཉིད་པའི་བག་ཉལ་དུས་ཡུན་ཇེ་རིང་དུ་འགྲོ་བ་དང་། མཚན་མོར་སད་པའི་ཐེངས་གྲངས་ཇེ་མང་དུ་འགྲོ་བ། གཉིད་པའི་དུས་ཡུན་ཇེ་ཐུང་དུ་འགྲོ་བ་བཅས་ཡིན།
ལོ་ཚོད་གང་ཞིག་གི་བུད་མེད་ཡིན་ཡང་དགོང་མོ་འཕྱི་བར་གཉིད་ནའང་ཕྱི་ཉིན་གཉིད་ཁ་གསབ་བྱེད་མི་རུང་། གལ་ཏེ་ཉིན་གུང་གཉིད་པར་གོམས་ཡོད་པའི་བུད་མེད་རྣམས་ཉིན་གུང་ཅུང་ཙམ་གཉིད་ཆོག་མོད། འོན་ཀྱང་ཆུ་ཚོད་ཕྱེད་ཀ་ལས་མི་བརྒལ་བར་བྱེད་དགོས། རྒྱུ་མཚན་ཆུ་ཚོད་ཕྱེད་ཀའི་ནང་སྤྱིར་བཏང་དུ་གཉིད་ཀྱི་གཏིང་ལ་འགྲོ་མི་ཐུབ། གཉིད་ཀྱི་གཏིང་ལ་སོང་ནས་གློ་བུར་དུ་གཉིད་ལས་སད་རྗེས་མགོ་ཡུ་འཁོར་བ་དང་མགོ་ན་བ་སོགས་མི་བདེ་བའི་སྣང་ཚུལ་འབྱུང་སྲིད།
དགོང་མོ་མ་ཉལ་གོང་གི་ཆུ་ཚོད་བཞི་ཡས་མས་སུ་ཚིགས་ཇ་དང་ཁུ་ནག ཆང་བཅུད་འདུས་པའི་འཐུང་ཆུ་བཅས་མ་འཐུང་ན་བཟང་བ་དང་། ཁ་ཚའི་རང་བཞིན་གྱི་ཟས་རིགས་ཀྱང་མ་ཟོས་ན་ལེགས།
གཉིད་པའི་སྔོན་དུ་འགུལ་སྐྱོད་དྲག་པོ་མི་བྱེད་པ།
ཉལ་ཁང་ནང་དུ་ལྷིང་འཇགས་དང་འོད་འགོག་པ་སོགས་བྱེད་དགོས་ཤིང་། མ་གཉིད་པའི་སྔོན་དུ་གློག་རྡུལ་རིགས་ལ་མ་བལྟས་ན་བཟང་། རྒྱུ་མཚན་འོད་སྔོན་པོ་དེས་ནག་སེལ་རྒྱུ་ཟགས་ཐོན་བྱེད་པས་གཉིད་ལ་ཤུགས་རྐྱེན་བཟོ་སྲིད།
ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི་གལ་ཏེ་གོང་གསལ་གྱི་བྱེད་ཐབས་ལ་བརྟེན་ནས་གཉིད་ཉལ་ལེགས་བཅོས་བྱེད་མ་ཐུབ་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་ལས། ཁུངས་ལུང་མེད་པར་མི་གཞན་གྱི་བསམ་ཚུལ་ལ་ཉན་ནས་གང་འདོད་དུ་གཉིད་སྨན་འཐུང་མི་རུང་།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
གཡང་མོ་སྒྲོལ་མས་བསྒྱུར།