
བུད་མེད་རྣམས་ལ་རོ་ཙ་ཉམས་པའི་དུས་ནི་ལོ་བཞི་བཅུ་ཞེ་ལྔའི་རྗེས་སུ་འབྱུང་ཞིང་རང་བཞིན་མི་འདྲ་བར་ལྟོས་ཏེ་འགྱུར་བ་ཆེ། གཞན་ཟླ་མཚན་ཐོག་མའི་དུས་དང་། གཉེན་སྒྲིག་བྱས་མིན། སྦྲུམ་ཐེངས། ནད་ཡོད་མེད་སོགས་གནས་ཚུལ་མི་འདྲ་བར་ལྟོས་ཏེ་འགྱུར་བ་བྱུང་། བུད་མེད་རྣམས་ཀྱི་མི་ཚེ་གཅིག་ཏུ་མངལ་ཆགས་ནུས་པ་ནས། དར་མའི་དུས་སྐབས་ཏེ་རོ་ཙ་དར་བའི་དུས་སྐབས། དེ་ནས་རོ་ཙ་ཉམས་པའི་དུས་སྐབས། དེ་ནས་རྒ་བའི་དུས་སྐབས་ཏེ་འདི་ལྟ་བུའི་དུས་སྐབས་རྣམས་སུ་རིམ་བཞིན་འགྲོ་ཞིང་། འདི་ནི་ཡུན་གྱིས་འགྱུར་བ་འབྱུང་བའི་བརྒྱུད་རིམ་ཞིག་སྟེ། ངེས་པར་དུ་བརྒྱུད་དགོས་པའི་སྐྱེ་ལུགས་བརྒྱུད་རིམ་ཞིག་ཀྱང་ཡིན། བརྒྱུད་རིམ་འདིའི་གཞི་རྩའི་སྐྱེས་ལུགས་འགྱུར་ལྡོག་ནི་བསམ་སེའུའི་སྐུལ་རྩི་ཟགས་ཐོན་བྱེད་པའི་ནུས་པ་ཉམས་པ་ནས་མེད་པར་འགྱུར་བ་ལ་བརྟེན་ནས་བྱུང་། རྟགས་སུ་རོ་ཙ་ཉམས་པས་རིགས་རྒྱུད་སྤེལ་བར་མི་ནུས་པ་དང་ཟླ་མཚན་མི་སྙོམས་པ་ནས་མི་འབབ་པ། རོ་ཙའི་དབང་པོ་སོ་སོ་འཁུམ་ཞིང་རྒས་པ་སོགས་འབྱུང་། བུད་མེད་མང་ཆེ་བར་དུས་འདིར་དབང་རྩའི་མ་ལག་དང་ནང་གི་ཟགས་ཐོན་མ་ལག་གི་སྙོམས་སྒྲིག་ལ་བརྟེན་ནས་བདེ་ཐང་ངང་སྒྲོལ་ནུས། འོན་ཀྱང་བུད་མེད་ཉུང་ཤས་ཤིག་ལ་དུས་འདིར་རྩི་ཤིང་དབང་རྩའི་མ་ལག་གི་བྱེད་ལས་འཁྲུག་པའི་རྟགས་ཚོགས་འབྱུང་བར་རོ་ཙ་ཉམས་དུས་ཀྱི་རྟགས་འདུས་ཟེར། འདིའི་དབང་གིས་རྒྱུན་ལྡན་གྱི་འཚོ་བ་དང་བྱ་ལས་ལ་གེགས་བྱེད་སྲིད། དེའི་ནད་རྟགས་གཙོ་བོ་དཔེར་ན། ཟླ་མཚན་དང་སྐྱེ་འཕེལ་ལམ་གྱི་འགྱུར་བ། ཁྲག་རྩ་ལྷོད་པའི་རྟགས་འདུས། སེམས་ཁམས་ཀྱི་རྟགས། གཅིན་ལམ་གྱི་རྟགས། སྐྱི་པགས་དང་སྐྲ། བ་སྤུ་བཅས་ཀྱི་འགྱུར་བ། རུས་པ་དང་ཚིགས་ཀྱི་རྟགས། སྙིང་དང་ཁྲག་རྩའི་ནད་འགྱུར་སོགས་འདུས། གོང་གསལ་གྱི་རྟགས་དེ་དག་ལས་གཞན་ད་དུང་སྐྲན་ནད་ཀྱི་རིགས་འབྱུང་བར་དོགས་ཟོན་བྱེད་དགོས ། དཔེར་ན་རྒྱུན་མཐོང་མོ་ནད་ཚན་ཁག་གི་སྐྲན་རིགས་ལ་མངལ་སྐེའི་འབྲས། བུ་སྣོད་ནང་སྐྱིའི་གཤེར་འབྲས་སོགས་སྔར་ཡོད་པའི་བུ་སྣོད་ཀྱི་ཤ་སྐྲན་ཡང་དུས་འདིར་འགྱུར་བ་ཆེ་བས་མཉམ་འཇོག་བྱེད་དགོས།
དང་པོ། རོ་ཙ་ཉམས་དུས་ཀྱི་སྐྱེ་ལུགས་འཕྲོད་བསྟེན་ཤེས་བྱ་ཁྱབ་གདལ་དུ་གཏོང་བ།
དུས་འདི་ནི་བུད་མེད་ཀྱི་མི་ཚེ་གཅིག་ལས་རང་བྱུང་གི་འཕེལ་རྒྱས་ཀྱི་སྐྱེ་ལུགས་བརྒྱུད་རིམ་ཞིག་ཡིན་པ་དང་། བུད་མེད་རྣམས་དར་མ་ནས་རྒ་བའི་དུས་ལ་འགྲོ་བའི་བར་མཚམས་ཤིག་ཡིན་པར་ངོས་ཟིན་པར་བྱེད་དགོས། ནང་གི་ཟགས་ཐོན་དང་དབང་རྩའི་མ་ལག་གི་ཁམས་སྙོམས་སྒྲིག་གི་ལས་ལ་བརྟེན་ནས་ལོ་གཅིག་ཡས་མས་ཀྱི་རྗེས་སུ་ནད་རྟགས་རྣམས་ཞི་ཞིང་རང་མལ་དུ་འབབ་ངེས་པས། སེམས་ཁུར་དང་མི་སྤྲོ་བའི་རྣམ་འགྱུར་གང་ཡང་འཛིན་དོན་མེད། ཡུལ་མིའམ་ཉེ་འཁོར་གྱི་མིས་ཀྱང་བུད་མེད་རྣམས་ཀྱི་དུས་འདིའི་འགྱུར་བ་དང་བྱེད་སྤྱོད་ལ་བཟོད་སྒོམ་བྱས་ཏེ། བྱ་བ་དང་དུས་རྒྱུན་གྱི་འཚོ་བའི་ཁྲོད་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས།
གཉིས་པ། འཚོ་བའི་ཁྲོད་འགྲོ་འདུག་ཉལ་འཆག་གི་གོམས་སྲོལ་ལ་ཉམས་འཇོག་པ།
ལུས་སེམས་གང་ཡང་ལས་སྣ་གཅིག་ལ་མི་གཏོད་པ་དང་། སེམས་ལས་ཆེ་བའམ་དགའ་སྡུག་གློ་བུར་བའི་རྐྱེན་སྤང་། ལུས་ཕུང་སྦྱོང་བརྡར་བྱས་ཏེ་ཁམས་སྙོམས་པར་བྱེད་པ། འཇུལ་སླ་བཅུད་ཅན་གྱི་ཟས་བསྟེན་པ། སྔོ་ཚལ་དང་སིལ་ཏོག་མང་དུ་ཟ་བ། ཚིལ་དང་ཚིལ་འདྲེས་པའི་ཟས་རིགས་སྤངས་བ་སོགས་བྱེད་དགོས།
གསུམ་པ། མོ་གཤིས་སྐུལ་རྩི་བསྟེན་ཐབས།
མོ་གཤིས་སྐུལ་རྩི་བརྟེན་ཐབས་འདི་ལ་མཁས་པ་རྣམས་བཞེད་པ་མི་མཐུན་པས་སྨན་པའི་མཛུབ་སྟོན་འོག་བསྟེན་དགོས།
བཞི་པ། བདེ་ཐང་བརྟག་བཤེར་ལ་མཐོང་ཆེན་བྱེད་དགོས།
ནད་ངོས་སྔ་མོར་ཟིན་པ་དང་ནད་དེ་རིགས་སྔོན་འགོག་བྱེད་པའི་ཕྱིར་ལོ་ཕྱེད་རེའམ་ཡང་ན་ལོ་རེའི་ནང་དུ་བདེ་ཐང་བརྟག་བཤེར་ཆ་ཚང་བ་ཞིག་བྱེད་དགོས། དེར་མངལ་སྐེའི་འབྲས་ཀྱི་བྱུག་ལེབ་བརྟག་བཤེར་དང་། ནུ་མའི་བརྟག་བཤེར་གཉིས་འདུ། གལ་ཏེ་ཟླ་མཚན་ཆེད་ནས་ཁྲགས་འཛག་གམ། ཆུ་འདྲ་འམ་དྲི་མནམ་པའི་གྲང་དཀར། གསུས་གནས་སུ་སྐྲངས་པ་བྱུང་བའམ་ཟུག་གཟེར་ཆེ་བ། ནུ་མའི་ཕྱི་ངོས་སུ་རྟགས་དང་མི་བདེ་བའི་སྣང་ཚུལ་ཁྱད་པར་ཅན་དང་ཕྲད་ན་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་ངོས་འཛིན་དང་གསོ་བཅོས་བྱེད་པར་གལ་ཆེ།
གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ལས་བདམས་པ་ཡིན།