
མི་རྒན་པ་དང་དར་མ་རྣམས་ཀྱིས་བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱས་ཏེ། སྨན་པའི་ངག་བཀོད་བཞིན་གཅིན་སྐྱུར་ལ་ཚོད་འཛིན་བྱ་དགོས་ཤིང་། དེ་ནི་དྲེག་གྲུམ་སྔོན་འགོག་བྱེད་པའི་གནད་འགག་ཡིན། བྱེ་བྲག་གི་བྱེད་ཐབས་ལ་གཤམ་གྱི་འདི་དག་ཡོད།
གཅིག བཟའ་བཏུང་དོ་དམ། བཟའ་བཏུང་གི་གྲུབ་ཆ་སྙོམ་སྒྲིག་བྱས་ན། དྲེག་གྲུམ་ནད་པས་ནུས་ལྡན་ངང་ལུས་ནང་གི་གཅིན་སྐྱུར་ཚོད་འཛིན་བྱས་ཏེ། དྲེག་གྲུམ་འཕར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། དྲེག་གྲུམ་ནད་པས་ངེས་པར་ཕུ་རོན་འདུས་ཚད་དམའ་བའི་བཟའ་བཅའ་བདམས་ཏེ། གཅིན་སྐྱུར་བསྐྱེད་ཚད་ཇེ་ཉུང་དུ་གཏོང་དགོས།
སྔོ་ཚོད། སྔོ་ཚོད་མང་ཆེ་བའི་ཕུ་རོན་འདུས་ཚད་དམའ་བ་སྟེ། དཔེར་ན་མེ་ཚལ་ལྗང་ཁུ་དང་ཚོད་སྣག ལ་ཕུག ཧོང་ཀྭ་སོགས་ལྟ་བུ། འོན་ཀྱང་ཤ་མོ་དང་མེ་ཚོད་དཀར་པོའི་ཕུ་རོན་འདུས་ཚད་ཅུང་མཐོ་བས། དྲེག་གྲུམ་ནད་པས་མང་པོ་མ་ཟོས་ན་བཟང་།
སིལ་ཏོག དྲེག་གྲུམ་ནད་པས་སིལ་ཏོག་མང་པོ་ཟོས་ཆོག ཡིན་ནའང་སིལ་མངར་འདུས་ཚད་ཅུང་མཐོ་བའི་སིལ་ཏོག་ཉུང་བཟའ་བྱེད་དགོས།
འོ་མ་དང་འོ་བཟོས་བཟའ་བཅའ། སྣུམ་འདུས་ཚད་དམའ་བའམ་སྣུམ་བཏོན་ཟིན་པའི་འོ་མའི་ཐོན་རྫས་ཏེ་དཔེར་ན་འོ་མ་དང་ཞོ། མར་སོགས་ཀྱིས་དྲེག་གྲུམ་འཕར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
འབྲུ་རིགས་རྐྱང་བ། འབྲས་རྩིང་ལ་སོགས་པའི་འབྲུ་རིགས་རྐྱང་བའི་བཟའ་བཅའ་ཡི་ཕུ་རོན་འདུས་ཚད་ཅུང་དམའ་ཞིང་བཟའ་རུང་ཚི་སྣ་ཕུན་སུམ་ཚོགས་པས། འབྲུ་རིགས་རྐྱང་བའི་བཟའ་བཅའ་མང་ཙམ་ཟ་དགོས།
སྤྲི་དཀར་རྒྱུ། སྤྲི་དཀར་རྒྱུ་ནི་མིའི་ལུས་པོར་ངེས་པར་མཁོ་བའི་འཚོ་བཅུད་རྫས་ཤིག་ཡིན་ལ། དྲེག་གྲུམ་ནད་པས་ཕུ་རོན་འདུས་ཚད་དམའ་བའི་བཟའ་བཅའ་ལས་སྤྲི་དཀར་རྒྱུ་ལེན་དགོས།
གཉིས། ཆང་ལ་ཚོད་འཛིན་བྱེད་པ། ཆང་བཅུད་ཀྱིས་གཅིན་སྐྱུར་གྲུབ་པའི་ཉེན་ཁ་ཇེ་ཆེར་གཏོང་བས། རྒན་པ་རྣམས་ཀྱིས་ཆང་ལ་ཚོད་འཛིན་བྱེད་དགོས་ཤིང་། ལྷག་པར་ལྦུ་རག་ཉུང་འཐུང་བྱེད་དགོས།
གསུམ། དུས་བཅད་ལྟར་བརྟག་དཔྱད་བྱེད་པ། རྒན་པ་རྣམས་ཀྱིས་དུས་བཅད་ལྟར་གཅིན་སྐྱུར་ལ་བརྟག་དཔྱད་བྱས་ཏེ། ནད་གཞི་སྔ་མོ་ནས་ཤེས་རྟོགས་དང་གསོ་བཅོས་ཐུབ་པ་བྱེད་དགོས།
བཞི། ཆུ་མང་ཙམ་འཐུང་བ། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་རྒན་པ་རྣམས་ཀྱིས་ཆུ་འདང་ངེས་ཁ་གསབ་བྱས་ཏེ། ལུས་ནང་གི་གཅིན་སྐྱུར་ཕྱིར་འཕུད་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།