ཁྲག་རེང་བའི་ནད་སྔོན་འགོག་བྱེད་ན་ཡུན་རིང་དུ་ཙོག་ནས་འདུག་མི་རུང་།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

ཁྲག་རེང་བ་ནི“མངོན་མེད་ཀྱི་དགྲ་བོ”ཞིག་དང་འདྲ་བར། དུས་སྐབས་དང་ན་ཚོད་མི་ལྟ་བར་མི་ཀུན་ལ་གནོད་སྲིད། དེ་ཉིད་རྩ་ལམ་དུ་གྲུབ་རྗེས་ཁྲག་རྒྱུན་ལ་འགོག་རྐྱེན་བཟོ་བ་དང་། ཐ་ན་ཁྲག་རྒྱུན་དང་འགྲོགས་ཏེ་དོན་སྣོད་གཞན་པའི་ཐོག་ལ་སོང་ནས། བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བ་སྟེ། དཔེར་ན་གློ་འགག་པ་དང་སྙིང་ནད་བསྐྱེད་སྲིད་པ་ལྟ་བུ་རེད།

ད་ལྟའི་འཚོ་བའི་ཁྲོད། ཡུན་རིང་ལ་ཙོག་པ་ནི་མི་མང་པོའི་རྒྱུན་ལྡན་གྱི་གོམས་གཤིས་ཤིག་ཏུ་གྱུར་ཡོད་དེ། གཞུང་སྒྲུབ་ཁང་དུ་ལས་ཀ་བྱེད་པ་དང་དུས་ཡུན་རིང་པོར་རླངས་འཁོར་སྐོར་བ། ཁྱིམ་དུ་སྡོད་པ་སོགས་གང་གི་སྐབས་སུ་ཡང་ཙོག་ནས་སྡོད་དགོས། ཡུན་རིང་ལ་འགུལ་སྐྱོད་མི་བྱེད་པར་ཙོག་ནས་བསྡད་ན། ཁོག་སྨད་ཀྱི་ཁྲག་འཁོར་རྒྱུག་ཇེ་དལ་དུ་གྱུར་ནས་ཁྲག་རེང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད། ཞིབ་འཇུག་ལས་ཤེས་གསལ་ལྟར་ན། དུས་ཡུན་རིང་པོར་ཙོག་ནས་འདུག་པའི་མི་ལ་སྡོད་རྩ་རེང་འགག་ནད་འབྱུང་བའི་ཉེན་ཁ་ནི་རྒྱུན་པར་འགུལ་སྐྱོད་བྱེད་མཁན་ལས་མཐོ་བ་རེད།

ཁྲག་རེང་བ་སྔོན་འགོག་བྱ་ཆེད། ང་ཚོས་རྒྱུན་དུ་ཙོག་ནས་འདུག་པའི་གོམས་གཤིས་བསྒྱུར་ནས། ལུས་པོ་འགུལ་སྐྱོད་བྱེད་དགོས། དེ་ན་ཞོལ་ནས་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་སྔོན་འགོག་བྱེད་ཐབས་འགའ་ངོ་སྤྲོད་ཅིག་བྱེད།

དང་པོ།  དུས་བཅད་ལྟར་འགུལ་སྐྱོད་བྱེད་པ།

དུས་ཚོད་གཅིག་ཙམ་ལ་ཙོག་རྗེས། ཡར་ལངས་ནས་སྐར་མ5ནས10ལ་འགུལ་སྐྱོད་བྱེད་དགོས་ཤིང་། སྟབས་བདེ་བའི་ལུས་རྐྱོང་འགུལ་སྐྱོད་དང་སྦྱོང་བརྡར་གང་རུང་བྱས་ཆོག

གཉིས་པ། ལོང་ཚིགས་འགུལ་སྐྱོད་བྱེད་པ།

འདི་ནི་ཁོག་སྨད་ཀྱི་ཁྲག་འཁོར་རྒྱུག་ལ་སྐུལ་འདེད་བྱེད་ཐུབ་པའི་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་འགུལ་སྐྱོད་ཅིག་ཡིན་ལ། རྐུབ་སྟེགས་ཐོག་ཏུ་བསྡད་རྗེས། རྐང་པ་གཉིས་རང་བཞིན་གྱིས་མར་དཔྱངས་ཏེ། ལྕགས་རྟ་སྐོར་བ་བཞིན་རྐང་པའི་ལོང་ཚིགས་གཉིས་རེས་མོས་ངང་རྐྱོང་རྐུམ་བྱེད་དགོས།

གསུམ་པ། དབུགས་རིང་ལེན་པ་དང་གློ་ལུ་བ།

དབུགས་རིང་བླངས་ཏེ་བྲང་ཁའི་ཤོངས་རྒྱ་བསྐྱེད་ན། བྲང་ཁའི་གནོན་ཤུགས་ཇེ་ཆེར་གྱུར་ནས། ཁྲག་རྒྱུན་སྙིང་ཁམས་ལ་ལྡོག་རྒྱུག་བྱེད་པར་ཕན། གློ་ལུ་ཡང་མོ་རེ་བྱས་ན་བྲང་ཁོག་དང་ལྟོ་བར་གནོན་ཤུགས་བྱིན་ནས། ཁྲག་འཁོར་རྒྱུག་ལ་རམ་འདེགས་བྱེད་ཐུབ།

བཞི་བ། ཆུ་འོས་འཚམ་འཐུང་བ།

ཆུའི་འདུས་ཚད་འདང་ངེས་རྒྱུན་འཁྱོངས་བྱས་ཚེ། ཁྲག་གི་འབྱར་བག་ཚད་ཇེ་དམའ་རུ་སོང་ནས། ཁྲག་རེང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

ལྔ་བ། བཟའ་བཏུང་དོ་མཉམ་བྱེད་པ།

ཚི་སྣ་འདུས་ཚད་མང་བའི་སིལ་ཏོག་དང་རྩིང་འབྲུ་མང་ཙམ་བཟའ་བ་དང་། ཚིལ་དང་ཀ་རའི་འདུས་ཚད་མཐོ་བའི་བཟའ་བཅའ་ཇེ་ཉུང་དུ་བཏང་ན། ཁྲག་ཚིལ་ལ་ཚོད་འཛིན་བྱས་ཏེ། ཁྲག་རྩའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ།

ཁྲག་རེང་བ་ལ་སྔོན་འགོག་བྱེད་པ་ནི་རྙོག་འཛིང་ཆེ་བ་ཞིག་མིན་པར། གཙོ་བོ་ང་ཚོས་བདེ་ཐང་གི་འཚོ་བ་རོལ་སྟངས་ཤིག་རྒྱུན་འཁྱོངས་བྱེད་ཐུབ་མིན་དེ་ཡིན་པས། ཡུན་རིང་ལ་ཙོག་ནས་མི་འདུག་པར་འགུལ་སྐྱོད་མང་ཙམ་བྱས་ཏེ། ཁྲག་འཁོར་རྒྱུག་ལེགས་པོ་བྱས་ན། ཁྲག་རེང་བའི་ནད་ནི་ང་ཚོ་དང་རིང་དུ་གྱེས་སྲིད།