
མི་མང་པོ་ཞིག་དགོང་མོ་གཉིས་སྐབས་ཁ་པར་སྔས་འགྲམ་དང་མལ་ཁྲིའི་འགྲམ་གྱི་ཅོག་ཙེ་སྟེང་འཇོག་པའི་གོམས་གཤིས་ཡོད། ཡིན་ཡང་རྒན་རབས་པ་དག་གིས་མཐོང་སྐབས་རྒྱུན་དུ་འགྱེད་འཕྲོ་ཡོད་པས་ཁ་པར་སྔས་འགྲམ་དུ་བཞག་ནས་ཉལ་ན་འབྲས་སྐྲན་སློང་སྲིད་ཅེས་བཤད་ཀྱིན་ཡོད། ཡིན་ཡང་བཤད་སྲོལ་འདི་ལ་དོ་སྣང་བྱེད་དགོས་སམ། ཞོལ་ནས་དེའི་སྐོར་གྱི་ཤེས་བྱ་འགའ་ངོ་སྤྲོད་རགས་རམ་ཞིག་བྱེད།
དང་པོ། ཁ་པར་སྔས་འགྲམ་དུ་འཇོག་པའི་གོམས་གཤིས་ཡོད་མཁན་ལ་འབྲས་སྐྲན་འབྱུང་སྲིད་དམ།
མིག་སྔར་ཁ་པར་གྱི་འགྱེད་འཕྲོ་ཡིས་འབྲས་སྐྲན་སློང་སྲིད་པ་ར་སྤྲོད་ཐུབ་པའི་བདེན་དཔང་ཞིག་མེད། སྤྱིར་འགྱེད་འཕྲོ་ལ་གློག་གྱེས་འགྱེད་འཕྲོ་དང་གློག་གྱེས་མིན་པའི་འགྱེད་འཕྲོ་ཞེས་རིགས་གཉིས་སུ་དབྱེ་ཡོད་དེ། སྨན་ཁང་གི་CTདང་Xའོད་ལྟ་བུ་ནི་གློག་གྱེས་འགྱེད་འཕྲོའི་ཁོངས་སུ་གཏོགས་ཤིང་། སྦྱོར་ཚད་ངེས་ཅན་ཞིག་ལས་བརྒལ་ན་ང་ཚོའི་བདེ་ཐང་ལ་གནོད་པ་ཐེབས་ངེས།
ཁ་པར་བེད་སྤྱོད་བྱེད་སྐབས་ཀྱི་འགྱེད་འཕྲོ་ནི་འཕྲོ་ཟློས་ནུས་ཚད་ཡིན་ཞིང་། དེ་ནི་ཆུ་ཚད་དམའ་བའི་གློག་གྱེས་མིན་པའི་འགྱེད་འཕྲོ་ཞིག་ཡིན་ལ། འགྱེད་འཕྲོ་དེའི་རིགས་ཅུང་བདེ་འཇགས་ཡིན་པས། སྤྱིར་བཏང་གིས་བདེ་ཐང་ལ་གནོད་འཚེ་ཐེབས་པ་དང་འབྲས་སྐྲན་སློང་བའི་ཉེན་ཁ་འབྱུང་མི་སྲིད། ཁ་པར་གྱི་འགྱེད་འཕྲོ་ནི་སྐྲག་དགོས་པ་ཞིག་མིན་མོད། ཡིན་ཡང་ངལ་གསོ་བྱས་ཏེ་གཉིད་སྐབས་ཁ་པར་རྩེད་པ་ནི་ད་གཟོད་བདེ་ཐང་ལ་གནོད་པ་ཡིན། དེས་མིག་དབང་དང་གཉིད་ཀྱི་སྤུས་ཚད། སྐེ་ཚིགས་བཅས་ལ་ཤུགས་རྐྱེན་ཐེབས་སྲིད། མི་ལ་ལས་ད་དུང་གཉིད་སྐབས་ཁ་པར་མལ་ཁྲིའི་འགྲམ་དུ་བཞག་ནས་དེར་ཞག་གང་བོར་གློག་གསོག་པ་དང་། གློག་གསོག་ཞོར་དུ་ཁ་པར་རྩེད་པའི་གོམས་གཤིས་ཆགས་ཡོད་པས། དེ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་རེད། དེ་བས་ཀུན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ནི་ཁ་པར་ལ་གློག་གསོག་ཚར་རྗེས་ཁ་པར་གློག་གསོག་གློག་ཁུངས་ནས་འབལ་དགོས། ཁ་པར་གློག་གསོག་དུས་ཡུན་རིང་པོར་མ་བལ་ན་་གློག་ཟད་ཚད་མང་དུ་འགྲོ་བ་མ་ཟད། ད་དུང་མུ་མཐུད་དུ་དྲོད་རྒྱས་ཏེ་ཁ་པར་གློག་གསོག་རྙིང་པར་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། ཚབས་ཆེ་ན་འབར་གས་དང་མེ་སྐྱོན་སོགས་ཀྱི་ཉེན་ཁ་འབྱུང་སྲིད།
གཉིས་པ། དུས་རྒྱུན་ཁ་པར་ལ་གློག་གསོག་སྐབས་ཇི་ལྟར་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་པ།
དེ་ནི་གནད་དོན་འདི་དག་ལ་དོ་སྣང་བྱེད་དགོས་ཏེ།
གཅིག འོས་འཚམ་གྱི་གློག་གསོག་ཁོར་ཡུག་ཅིག་གདམས་པ།
དྲོད་ཚད་དམའ་དྲགས་པ་དང་ཚ་དྲགས་པའི་ཁོར་ཡུག་ཏུ་གློག་མ་གསོག་ན་བཟང་སྟེ། དྲོད་ཚད་མཐོན་པོ་ཡིན་ན་གློག་རྫས་ཀྱི་དྲོད་ཚད་ཀྱང་མཐོ་དྲགས་ནས་འབར་གས་འབྱུང་སླ་ཞིང་། ཡང་དྲོད་ཚད་དམའ་ན་གློག་རྫས་ཀྱི་སྲུང་སྐྱོབ་མ་ལག་གིས་གློག་གསོག་ཚད་ཇེ་དལ་དུ་གཏོང་སྲིད།
གཉིས། དུས་ཡུན་རིང་པོར་གློག་མི་གསོག་པ།
རྒྱུན་ལྡན་གྱི་གནས་ཚུལ་འོག ཚད་མཐུན་གྱི་གློག་གསོག་ལ་གློག་གསོག་ཚད་མང་དྲགས་པ་སྔོན་འགོག་བྱེད་པའི་བདེ་འཇགས་སྲུང་སྐྱོབ་གློག་ལམ་ཡོད་པས། གློག་རྫས་སུ་གློག་གང་གསོག་རྗེས་སྲུང་སྐྱོབ་ཀྱི་བྱེད་ནུས་བཏོན་ནས་གློག་གསོག་མཚམས་འཇོག་པའང་ཡང་ན་གློག་གསོག་གློག་རྒྱུན་ཆེས་དམའ་བའི་ཁྱབ་ཁོངས་སུ་དམའ་རུ་གཏོང་ཐུབ།
གསུམ། སྔས་འགྲམ་དུ་གློག་མི་གསོག་པ།
གློག་གསོག་ཞོར་ཁ་པར་རྩེད་པར་སྟབས་བདེ་བསྐྲུན་ཆེད། མི་མང་པོ་ཞིག་གིས་གློག་གསོག་མལ་ཁྲིའི་འགྲམ་དུ་དང་སྔས་འགྲམ་དུ་འཇོག་རྒྱུར་དགའ་མོད། འོན་ཀྱང་གློག་གསོག་གི་གློག་ལམ་ཆད་ནས་མེ་འབར་བའི་གནས་ཚུལ་དང་འཕྲད་སྐབས། སྔས་འབོལ་དང་འབར་སླ་བའི་དངོས་རྫས་གཞན་དག་ཀྱང་འབར་ནས་མེ་སྐྱོན་ཆེན་པོ་བཟོ་སྲིད།
བཞི། གློག་གསོག་སྐབས་ཁ་པར་མི་རྩེད་པ།
གློག་གསོག་སྐབས་དང་། གློག་གསོག་ཞོར་དུ་ཁ་པར་གཏོང་བའམ་རོལ་རྩེད་རྩེད་ན་དྲོད་ཚད་མགྱོགས་མྱུར་འཕར་ངེས་པས་མི་མངོན་པའི་ཉེན་ཁ་མང་པོ་གནས་ཡོད།
ལྔ། ཚོང་རྟགས་ཚད་ལྡན་གྱི་གློག་གསོག་སྤྱོད་པ།
ཉེ་བའི་ལོ་ཤོས་རིང་། ཚོང་བདག་ཁ་ཤས་ཀྱིས་ཁོར་སྲུང་ལ་ཁ་གཡར་ནས་གློག་གསོག་མི་སྟེར་བས་ཉོ་མཁན་རང་ཉིད་ཀྱི་ཉོ་དགོས་པ་ཡིན། གཞུང་ཕྱོགས་དྲ་རྒྱའི་སྟེང་གི་གློག་གསོག་རིན་གོང་མཐོ་བ་དང་གློག་གསོག་ནི་ཟད་གྲོན་འབྱུང་སླ་བའི་དངོས་པོ་ཡིན་པས། མི་མང་པོས་རིན་གོང་དམའ་བའི་གློག་གསོག་འདེམ་བཞིན་ཡོད།
དེ་ན་གཉིད་སྐབས་ཁ་པར་གང་དུ་འཇོག་དགོས་སམ་ཞེ་ན། རང་ཉིད་དང་བར་ཐག་སྨི1.5ལས་རིང་སར་བཞག་ན་བཟང་ཞིང་། དེ་ལྟར་བྱས་ན་ཁ་པར་ལེན་པར་སྟབས་མི་བདེ་པས་ཁ་པར་ལ་གཡེངས་ནས་མཚན་འཁྱོངས་བྱེད་པར་གཡོལ་ཐུབ་ལ། རང་འབར་གྱི་ཉེན་ཁའང་སྔོན་འགོག་བྱེད་ཐུབ།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།