
ཉེ་བའི་ལོ་ཤོས་རིང་། སྙིང་ཁམས་ཁྲག་རྩའི་ནད་འབྱུང་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པར་མ་ཟད། ལོ་ཆུང་གཞོན་ནུ་མང་པོར་གློ་བུར་དུ་ནད་གཞི་དེ་ཕོག་པའི་ཆ་འཕྲིན་ཡང་ཡང་གོ་རྒྱུ་ཡོད་པ་ནི་མི་སེམས་སྐྱི་གཡའ་བའི་གནས་ཚུལ་ཞིག་རེད། གཤམ་དུ་སྙིང་ལ་སྲུང་སྐྱོབ་ཇི་ལྟར་བྱེད་པ་དང་སྙིང་ཁམས་ཁྲག་རྩའི་ནད་རིགས་སྔོན་འགོག་ཇི་ལྟར་བྱེད་དགོས་པའི་སྐོར་གྱི་བདེ་ཐང་ཤེས་བྱ་སྐོར་ཞིག་ལ་རྒྱུས་ལོན་ཞིག་བྱ།
གཅིག ངལ་ལེགས་པོ་གསོ་བ།
མིའི་སྙིང་གི་འཕར་ལྡིང་ལ་ཚད་གཞི་ཡོད་དེ། གཉིད་ཁུག་པའི་སྐབས་སུ། སྙིང་གི་འཕར་ཚད་གཉིད་མ་ཁུག་གོང་ལས་སྐར་མ་རེར་ཐེངས10ནས30ཡིས་ཉུང་བ་རེད། དུས་ཡུན་རིང་པོར་མཚན་སྐྱེལ་ན་ལུས་པོའི་བརྗེ་ཚབ་འཁྲུག་ཅིང་། དབང་རྩ་འགུལ་ཤུགས་ཆེ་བ། སྙིང་གི་འཕར་ཚད་མགྱོགས་པ་བཅས་ཀྱི་རྐྱེན་གྱིས་སྙིང་ལ་གནོན་ཤུགས་ཆེན་པོ་འབྱུང་སྲིད། དེས་ན་སྙིང་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ན་ཐོག་མར་ངལ་ལེགས་པོ་གསོ་དགོས།
གཉིས། ཁྲག་ཤེད་ཚོད་འཛིན་བྱེད་པ།
ཁྲག་ཤེད་མཐོ་ན་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་སྲིད་པ་དང་། ཡུན་རིང་པོར་ཁྲག་ཤེད་བརྟན་པོ་མིན་ན་སྙིང་ཤ་ཇེ་མཐུག་ཏུ་འགྲོ་སྲིད། དེར་བརྟེན། སྙིང་ལ་སྲུང་སྐྱོབ་བྱེད་པའི་གནད་འགག་ནི་ཁྲག་ཤེད་ལ་ཚོད་འཛིན་བྱེད་དགོས་པ་དེ་ཡིན།
གསུམ། ཐ་མག་གཅོད་པ།
ལོ་ཚོད་ཅི་འདྲར་སླེབས་ཀྱང་དུས་ཡུན་རིང་པོར་ཐ་མག་འཐེན་ན་སྙིང་རྩ་འགག་པའི་ཉེན་ཁ་ལྡབ་བདུན་གྱིས་ཆེ་རུ་འགྲོ་སྲིད་པ་དང་། དེར་བརྟེན། སྙིང་གི་བདེ་ཐང་གི་ཆེད་དུ་ཐ་མག་གཅོད་དགོས་ཤིང་། གལ་ཏེ་རང་ཉིད་ཀྱིས་ཐ་མག་མི་འཐེན་ན་གཞན་གྱི་ཐ་མག་གི་དུ་བར་གཡོལ་དགོས།
བཞི། འགུལ་སྐྱོད་འོས་འཚམ་བྱེད་པ།
དུས་རྒྱུན་རྐང་ཐང་དང་ལྕགས་རྟར་ཞོན་ནས་འགྲོ་བ་དང་། ཆུར་རྐྱལ་བ། སྤོ་ལོ་རྩེ་བ་སོགས་འགུལ་སྐྱོད་བྱེད་སྟངས་ཀྱིས་སྙིང་དང་གློ་བའི་བྱེད་ནུས་ཇེ་ལེགས་སུ་ཕྱིན་ཏེ། སྙིང་ཤ་ལ་གསོ་རླུང་འདང་ངེས་ཤིག་མཁོ་འདོན་བྱེད་པ་དང་སྙིང་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ།
ལྔ། བཟའ་བཏུང་ལ་ཚོད་འཛིན་བྱེད་པ།
ཞིབ་འཇུག་ལས་ཤེས་གསལ་ལྟར་ན། བཟའ་བཏུང་ཚད་ལས་འདས་པའི་ཆུ་ཚོད་གཉིས་ཀྱི་ནང་དུ་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁ་ལྡབ་བཞི་ཡིས་ཇེ་མཐོར་འགྲོ་སྲིད་པ་དང་། ཆང་མང་པོ་འཐུང་བའམ་ཞག་ཚིལ་ཆེ་བའི་ཟས་རིགས་མང་པོ་ཟོས་ན་ཁྲག་ཚིལ་ཇེ་མཐོར་འགྲོ་བ་དང་ཁྲག་རྒྱུན་འབྱར་བག་གར་ཚད་མཐོ་རུ་སོང་ནས་སྙིང་རྩ་འགག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། དེར་བརྟེན། ང་ཚོས་བཟའ་བཏུང་གི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་དང་། འཚོ་བཅུད་དོ་མཉམ་ཡོང་བ་བྱེད་པ། ཟས་ཀྱི་དྲོད་ཚད་ཚོད་འཛིན་བཅས་བྱེད་དགོས་པ་ལས། ཚད་ལས་འདས་པའི་བཟའ་བཏུང་གི་སྦྱོར་བ་ངན་པ་སྤངས་ན་བཟང་།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།