ཆམ་རིམས་སྐོར་གྱི་རྒྱུན་ཤེས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

དགུན་ཁར་ཐོན་པ་དང་བསྟུན།  མཆེད་ནད་རང་བཞིན་གྱི་ཆམ་རིམས་ཕོག་ཚད་ཇེ་མང་དུ་འགྲོ་བ་དང་། བྱིས་པ་མང་པོ་ཞིག་ལ་ཆམ་རིམས་ཕོག་གིན་འདུག

ཆམ་རིམས་ནི་ཆམ་རིམས་ནད་དུག་གིས་བསླངས་བའི་མྱུར་གཤིས་འགོས་ནད་ཞིག་ཡིན་པ་དང་། བྱིས་པར་དུས་དང་རྣམ་པ་ཀུན་ཏུ་ཆམ་རིམས་ཕོག་ཉེན་ཅུང་ཆེ་བས་ཁྱིམ་བདག་གིས་སྣང་མེད་དུ་གཏན་ནས་འཇོག་མི་རུང་།  བྱིས་པར་ཆམ་རིམས་ཕོག་པའི་རྒྱུན་མཐོང་གི་གནད་དོན་བཞིའི་ཐད་ནས་རྒྱུས་ལོན་ཞིག་བྱ།

གཅིག དགུན་ཁ་ནི་ཆམ་རིམས་ཕོག་ཚད་མཐོ་བའི་རྒྱུ་རྐྱེན་ཅི་ཡིན་ནམ།

ཆམ་རིམས་ཕོག་ཡོད་པའི་ནད་པ་དང་ཡིབ་གཤིས་འགོས་ནད་འགོས་མཁན་ནི་ཆམ་རིམས་འགོས་ནད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ལ། ནད་རྟགས་མི་མངོན་པའི་དུས་མཇུག་ནས་མྱུར་གཤིས་དུས་སྐབས་ཚང་མར་འགོས་ནད་རང་བཞིན་ཡོད། སྤྱིར་བཏང་གིས་ནད་དུག་དེ་དབུགས་ལམ་གྱི་ཟགས་ཐོན་དངོས་པོའི་ཁྲོད་ཉིན་གསུམ་ནས་དྲུག་བར་གྱི་རིང་ལ་དུག་ཕྱིར་ཕུད་པ་དང་།  བྱིས་པ་རློན་ནུ་དང་རིམས་འགོག་ནུས་པར་གནོད་སྐྱོན་ཐེབས་པའི་ནད་པར་དུག་སེལ་དུས་ཡུན་གཟའ་འཁོར་གཅིག་གི་རིང་རྒྱུན་བསྲིང་བྱེད།  ཆམ་རིམས་ནད་དུག་དེ་གཙོ་བོ་སྦྲིད་པ་དང་གློ་ལུ་བ་སོགས་ཀྱི་མཆིལ་ཟེགས་ལས་འགོས་ཁྱབ་བྱུང་བ་ཡིན་ལ། ཁ་སྣ་དང་མིག་སོགས་ཀྱི་འབྱར་སྐྱིས་ཐད་ཀར་རམ་གཞན་བརྒྱུད་ཀྱི་འབྲེལ་འདྲིས་ལས་འགོས་པ་ཡིན།  ནད་དུག་གིས་འབག་བཙོག་ཐེབས་པའི་དངོས་རྫས་ལ་ཐུག་རྗེས་ཀྱང་འགོས་ནད་འབྱུང་སྲིད།

དགུན་ཁར་ཕྱི་རོལ་གྱི་དྲོད་ཚད་དམའ་བ་དང་། མི་ཚང་མ་ཁྱིམ་དུ་འདུག་ཡུན་རིང་པས།  ནད་དུག་ཕོག་མཁན་དང་ཉེ་བར་བཅར་ནས་ཆམ་རིམས་འགོ་བའི་གོ་སྐབས་ཇེ་མང་དུ་འགྲོ་སྲིད།  གཞན་ཡང་། དགུན་ཁར་མཁའ་དབུགས་སྐམ་གཤིས་ཆེ་བ་དང་། མི་རྣམས་ལ་ཆམ་རིམས་ཕོག་རྗེས་གློ་ལུ་བ་དང་སྦྲིད་པ་སོགས་ཀྱི་སྐབས་སུ། ཁ་སྣ་རུ་ཕྲ་རྡུལ་མང་པོ་ཞིག་ཕྱིར་ཐོན་པ་ཡིན།  བརླན་གཤེར་ཆེ་བའི་མཁའ་དབུགས་ཁྲོད།  ཕྲ་རྡུལ་འདི་དག་ཆུ་རླངས་དང་མཉམ་དུ་ས་ངོས་སུ་ལྷུང་སྲིད།  ཡིན་ཡང་སྐམ་གཤིས་ཆེ་བའི་མཁའ་དབུགས་ཁྲོད།  ཕྲ་རྡུལ་འདི་དག་སྔར་བས་ཆུང་བའི་ཕྲ་རྡུལ་དུ་གྱུར་ནས་མཁའ་དབུགས་སུ་དུས་ཡུན་རིང་པོར་རྒྱུ་སྲིད་པ་དང་ང་ཚོའི་དབུགས་ལམ་བརྒྱུད་དེ་ནད་ཕོག་སྲིད། དེ་བས། སྟོན་དགུན་གྱི་དུས་ཚིགས་ནི་ཆམ་རིམས་ཕོག་ཚད་ཧ་ཅང་མཐོ་བས་ཚང་མས་འགོག་སྲུང་ལེགས་པོ་བྱེད་དགོས།

གཉིས།  བྱིས་པ་གང་དག་ནི་ཆམ་རིམས་ཕོག་ཉེན་ཆེ་བའི་མི་ཚོགས་ཡིན་ནམ།

བྱིས་པ་ནི་ཆམ་རིམས་འགོས་སླ་བའི་མི་ཚོགས་ཡིན་པར་མ་ཟད།  ཆམ་རིམས་ཉེན་ཁ་ཆེ་བའི་མི་ཚོགས་ཀྱི་གྲས་ཀྱང་ཡིན།  ལོ་ལྔའི་མན་དང་ལྷག་པར་དུ་ལོ་གཉིས་མན་གྱི་བྱིས་པར་ཆམ་རིམས་ལྗི་མོ་ཕོག་སླ་བ་ཡིན། ནད་རྙིང་ཡོད་པའི་བྱིས་པ་དཔེར་ན་དབུགས་འཚུབ་དང་མཁལ་ནད། རིམས་འགོག་ནུས་པ་ཞན་པ། ཚོན་པོ་སོགས་ལའང་ཆམ་རིམས་ཕོག་སླ་བར་མ་ཟད། ཆམ་རིམས་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱི་གྲས་ཡིན་པས་ཁྱིམ་བདག་གིས་མཐོང་ཆེན་བྱེད་དགོས། གལ་ཏེ་བྱིས་པར་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་པ་ཤེས་ཚེ། ཁྱིམ་བདག་གིས་སྔ་མོ་ནས་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱེད་དགོས་པར་མ་ཟད།   སྨན་པའི་མཛུབ་སྟོན་འོག་སྨན་བཅོས་བྱེད་དགོས།

གསུམ།  ཆམ་རིམས་ཕོག་པའི་བྱིས་པ་རྣམས་ལ་ཇི་ལྟར་བདག་སྐྱོང་བྱེད་དགོས་སམ།

བྱིས་པར་ཆམ་རིམས་བརྟག་དཔྱད་བྱས་རྗེས།  ནད་གཞི་ཅུང་ཡང་བའི་སྐབས་སུ་ཁྱིམ་དུ་སྨན་འཐུང་བས་ཆོག་པ་དང་། ནད་གཞི་ཅུང་ཚབས་ཆེ་བའི་སྐབས་སུ་ཞག་སྡོད་བྱས་ནས་སྨན་བཅོས་བྱེད་དགོས།  བྱིས་པར་ཚ་རྒྱག་སྐབས་ངལ་གསོ་ཡག་པོ་བྱེད་དགོས་པར་མ་ཟད་འོས་འཚམ་གྱིས་ཆུ་འཐུང་བ་དང་།   བཟའ་བཏུང་གི་ཐད་ནས་འཇུ་སླ་བ་དང་འཚོ་བཅུད་ལྡན་པའི་ཟས་རིགས་སྤྱོད་དགོས།

བཞི། ཆམ་རིམས་སྔོན་འགོག་བྱེད་པར་བྱེད་ཐབས་གང་དག་ཡོད་དམ།

༡.རིམས་འགོག་སྨན་ཁབ་རྒྱག་པ།  ད་ལྟ།  ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཡིན། ལོ་རེ་རེར། ས་གནས་ཁག་གི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྔོན་དཔག་བྱས་པའི་ཆམ་རིམས་ལ་གཞིགས་ནས་དེར་འཚམ་པའི་རིམས་འགོག་སྨན་ཁབ་འདོན་སྤྲོད་བྱེད་བཞིན་ཡོད་པས་འགོག་སྨན་ལོ་རེ་བཞིན་རྒྱག་དགོས། བྱིས་པར་རིམས་འགོག་སྲུང་སྐྱོབ་བྱེད་པར་ཁག་ཐེག་བྱ་ཆེད། ཆམ་རིམས་མ་ཕོག་སྔོན་གྱི་ཟླ་གཅིག་ནས་གཉིས་ཀྱི་སྔོན་ལ་བརྒྱབ་ན་ཧ་ཅང་བཟང་། ཟླ་དྲུག་མན་གྱི་བྱིས་པར་ཆམ་རིམས་ཐད་ཀྱི་འགོག་སྨན་བརྒྱབ་ན་འོས་འཚམ་མིན་པས། ཁྱིམ་བདག་དང་ཡང་ན་བྱིས་པར་བདག་སྐྱོང་བྱེད་མཁན་གྱིས་རིམས་འགོག་སྨན་བརྒྱབ་ན་བྱིས་པར་གཞན་བརྒྱུད་ཀྱི་སྲུང་སྐྱོབ་ནུས་པ་ཐོན་ཐུབ།

༢. སྨན་འཐུང་ནས་སྔོན་འགོག་བྱེད་པ། རིམས་འགོག་སྨན་ཁབ་རྒྱག་པ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ཡིན་མོན། འོན་ཀྱང་ཁྱིམ་བདག་གིས་ཟླ་གསུམ་མན་གྱི་བྱིས་པར་སྨན་འཐུང་དུ་བཅུག་ནས་ཆམ་རིམས་་སྔོན་འགོག་བྱེད་དུ་མི་འཇུག་པར་ངེས་པར་དུ་སྨན་པའི་ངག་བཀོད་ལ་ཉན་དགོས།

༣ བྱེད་ཐབས་གཞན་དག

གཙོ་བོ་འདག་རྫས་སོགས་བཀོལ་ནས་ལག་པ་ཡང་ཡང་བཀྲུ་བ་དང་ལག་པ་གཙང་མར་ཕྱི་བ། ཁོར་ཡུག་ལ་གཙང་སྦྲ་དང་ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་པ། མི་ཚོགས་འདུས་སྡོད་བྱེད་སར་མི་འགྲོ་བ་དང་སྒོ་ཕྱིར་འགྲོ་སྐབས་ཁ་ཐུམ་རྒྱག་པ། གློ་ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་ཤོག་བུ་སོགས་ཀྱིས་ཁ་སྣ་གཅོད་པ། ལུས་ཕུང་སྦྱོང་བརྡར་བྱས་ཏེ་རིམས་འགོག་ནུས་པ་ཆེ་རུ་གཏོང་བ། གལ་ཏེ་དབུགས་ལམ་ནད་རྟགས་མངོན་ཚེ་ངལ་གསོ་ལེགས་པོ་དང་སྔ་མོ་ནས་སྨན་བཅོས་བྱེད་དགོས།

གཡང་མོ་སྒྲོལ་མས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།