
བཤད་རྒྱུན་ལ་མི་རྒས་ན་པུས་མོ་རྒས་ཟེར་བ་བཞིན། གལ་ཏེ་པུས་ཚིགས་ལ་བརྡར་ཟད་ཆེ་དྲགས་ན། ཕྱིར་སླར་གསོ་བྱེད་ཐབས་མེད་པས་གཤམ་གྱི་བྱ་སྤྱོད་དྲུག་པོ་འདི་རིགས་ཀྱིས་པུས་མོར་གནོད་པ་ཆེ་བས་ཡིད་གཟབ་བྱེད་དགོས།
དང་པོ། རྒྱུག་སྟངས་མི་ཤེས་པ།
རུས་ནད་ཚན་ཁག་དང་ལུས་རྩལ་དངོས་ཁམས་སྨན་བཅོས་དུས་དེབ་སྟེང་ཡར་སྔོན་ཞིབ་འཇུག་བྱས་པའི་མཇུག་འབྲས་ཤིག་ལས། ཡུན་རིང་པོར་འགུལ་སྐྱོད་མ་བྱས་པར་སྡོད་མཁན་གྱི་མི་ཚོགས་ལ་པུས་ཚིགས་ན་བའི་ཉེན་ཁ་བརྒྱ་ཆའི10.2ཟིན་པ་དང་། དེ་ལས་ལྡོག་སྟེ་རྒྱུན་དུ་ལུས་སྦྱོང་དང་རྒྱུག་མཁན་ཚོར་པུས་ཚིགས་ན་ཚད་དེ་བརྒྱ་ཆའི3.5ལས་ཟིན་གྱིན་མེད་པ་རེད།
རྒྱུན་དུ་རྒྱུག་ན་པུས་མོར་གནོད་སྲིད་ཅེས་པའི་བཤད་སྟངས་དེའི་རིགས་ནི་རྒྱུག་སྟངས་མི་ཤེས་པ་དང་རྒྱུག་་པའི་གོམས་གཤིས་ཡག་པོ་མེད་པ་ལས་བྱུང་བ་རེད། དཔེར་ན། མ་རྒྱུག་་གོང་ལ་གྲ་སྒྲིག་སྦྱོང་བརྡར་མི་བྱེད་པ་དང་རྒྱུག་སྟངས་མི་ཤེས་པ། རྒྱུག་པའི་དུས་ཚོད་རིང་དྲགས་པའམ་ཐེངས་གྲངས་མང་དྲགས་པ་ལྟ་བུ་རེད། དེར་བརྟེན། ཡང་དག་ཅིང་ཚན་རིག་དང་མཐུན་པ། ལུགས་དང་མཐུན་པ་བཅས་ཀྱི་སྒོ་ནས་རྒྱུག་ཤེས་ན་པུས་ཚིགས་ཀྱི་བདེ་ཐང་ལ་ཕན་སྲིད།
གཉིས་པ། ཡུན་རིང་པོར་ཙོག་ནས་འགུལ་སྐྱོད་མི་བྱེད་པ།
ཡུན་རིང་པོར་ཙོག་ན་པུས་ཚིགས་ལ་གནོན་ཤུགས་ཆེན་པོ་བཟོ་སྲིད་པས་མཉེན་རུས་ལ་བརྡར་ཟད་ཐེབས་པ་དང་། བརླ་ཤའི་ཤ་གནད་ཀྱི་ཤུགས་ཇེ་ཆུང་དུ་འགྲོ་བས་པུས་མོར་གནོད་ཀྱི་ཡོད། རབ་ཡིན་ན་ཉིན་རེར་སྐར་མ30ནས40བར་ཡར་ཐེངས་རེར་ལངས་ནས་ཆུ་འཐུང་བ་དང་འགུལ་སྐྱོད་བྱས་ན་བཟང་།
གསུམ་པ། རི་དང་སྐས་ལ་འཛེགས་པ།
རི་དང་སྐས་ལ་འཛེགས་པའི་སྐབས་སུ་པུས་མོས་ལུས་པོའི་ལྗིད་ཚད་ཀྱི་ལྡབ་གསུམ་ཙམ་ཐེག་དགོས་ཀྱི་ཡོད། རི་དང་སྐས་ལས་འབབ་སྐབས། པུས་མོས་ལུས་པོའི་ལྗིད་ཚད་དང་འབབ་ཤུགས་གཉིས་ཐེག་དགོས་པས། པུས་མོར་གནོད་འཚེ་ཆེན་པོ་ཡོད། དེ་བས་རི་དང་སྐས་ལ་འཛེགས་པ་སོགས་རྒྱུན་ལྡན་གྱི་སྦྱོང་བརྡར་བྱེད་ཐབས་སུ་འཛིན་མི་རུང་།
བཞི་པ། དུས་རྒྱུན་ལུས་སྦྱོང་བྱེད་པའི་གོམས་གཤིས་མེད་པ་དང་གློ་བུར་དུ་མང་པོ་འགྲོ་བ།
བསྟུད་མར་མང་པོ་སོང་ཚེ། པུས་མོའི་མེ་ལོང་ལ་བརྡར་ཟད་ཡང་ཡང་ཐེབས་ནས་པུས་ཚིགས་ལ་གནོད་སྲིད། དེར་མ་ཟད་དུས་རྒྱུན་ལུས་སྦྱོང་བྱེད་པའི་གོམས་གཤིས་མེད་པར་ཡུན་རིང་པོར་ཙོག་ནས་སྡོད་མཁན་ཡིན་ན། བརླ་ཤའི་ཤ་གནད་ལ་ཤུགས་ཆེན་པོ་མེད། གནས་ཚུལ་དེ་འདྲའི་འོག་གློ་བུར་དུ་མང་པོ་སོང་ཚེ་པུས་ཚིགས་མི་བརྟན་པར་གྱུར་ནས་པུས་མོར་གནོད་སྲིད། དེ་བས་རབ་ཡིན་ན་ཡུན་རིང་པོར་རྐང་ཐང་ལ་འགྲོ་སྐབས་ལྷམ་བདེ་མོ་ཞིག་གྱོན་ན་བཟང་།
རྐང་ཐང་ལ་འགྲོ་བའི་བརྒྱུད་རིམ་ཁྲོད་གལ་སྲིད་པུས་མོ་ན་བ་དང་། རྐང་མཐིལ་ན་བ་སོགས་བྱུང་ཚེ་འཕྲལ་དུ་སྨན་ཁང་ལ་འགྲོ་དགོས་ཤིང་། ཡུན་རིང་པོར་རྐང་ཐང་ལ་སོང་རྗེས་ངལ་གསོ་ཡག་པོ་བྱེད་དགོས་ཏེ། དཔེར་ན། ཆུ་ཚ་མོའི་ནང་རྐང་པ་སྦང་བ་ལྟ་བུ་བྱེད་དགོས།
ལྔ་པ། སྐྱིལ་ཀྲུང་དུ་སྡོད་པ།
སྐྱིལ་ཀྲུང་དུ་སྡོད་པའི་སྐབས་སུ་པུས་ཚིགས་བཀུགས་ནས་ཡོད་ཅིང་། གནོན་ཤུགས་ཆེན་པོའི་འོག་ཕྱི་ནང་གཉིས་ལ་ཐེབས་པའི་གནོན་ཤུགས་མི་འདྲ་བས། ཡུན་རིང་པོར་སོང་ན་པུས་ཚིགས་ཀྱི་བཟོ་ལྟ་འགྱུར་སྲིད། དེ་བས་སྐྱིལ་ཀྲུང་དུ་སྡོད་སྐབས་དུས་རྒྱུན་དུ་རྐང་པ་གཅིག་གུག་སྟེ་ལྷོད་ནས་བསྡད་ན་པུས་མོར་གནོད་འཚེ་ཐེབས་ཚུལ་ཆུང་།
དྲུག་པ། ཐག་མཆོང་རྒྱག་པ།
ཨར་འདམ་ས་ངོས་སུ་ཐག་མཆོང་རྒྱག་སྐབས་ས་ངོས་མཁྲེགས་པས་དུས་ཡུན་རིང་ན་པུས་ཚིགས་ལ་གནོད་སྲིད། དེ་བས་རབ་ཡིན་ན། འགྱིག་སོབ་བཏིང་བའི་ས་ངོས་སམ་ཡང་ན་ལུས་རྩལ་ར་བ་སོགས་སུ་ཐག་མཆོང་རྒྱག་དགོས་ཤིང་ལུས་སྦྱོང་ལྷམ་གྱོན་ན་ལེགས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།