
ཕྲུ་གུ་བཙས་རྗེས་བང་མའི་ལུས་དང་སེམས་ཁམས་དེ་ཡང་བསྐྱར་འགྱུར་ལྡོག་གི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་རེད། སེམས་ཁམས་ཀྱི་ཐད་ནས་ཨ་མ་བྱེད་འདོད་ཀྱི་རེ་འདུན་དེ་མངོན་འགྱུར་བྱུང་ལ། བུའམ་བུ་མོ་ཅི་ཡིན་པ་ཡང་ཤེས་པས་དེར་དགའ་བའམ་ཡང་ན་སྐྱོ་བ་གང་ཡིན་རུང་འདི་ལས་བྱུང་བ་རེད། དེའི་རྐྱེན་གྱིས་མི་ལ་ལས་མངལ་སྦྲུམ་དུས་ནི་བང་མའི་སེམས་ཁམས་འགྱུར་བའི་དུས་སྐབས་ཡིན་ཟེར། སྐྱེ་ལུགས་དང་སེམས་ཁམས་གཉིས་ཀ་འགྱུར་བས་སྐྱེ་ལུགས་དང་སེམས་ཁམས། སྤྱི་ཚོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁོ་མོ་ཚོ་གནད་དོན་གསར་བ་དང་སེམས་ཁུར་མང་པོར་འཕྲད་སྲིད།
མངལ་སྦྲུམ་པ་ནི་བུད་མེད་ལ་མཚོན་ནས་བཤད་ན། ཚེ་སྲོག་གཅིག་སྦྲུམ་པ་ཁོ་ན་མ་ཡིན་པར་ད་དུང་འགྱུར་མེད་ཀྱི་རེ་བ་ཞིག་ཀྱང་ཡིན། འདི་ནི་ཨ་མ་བྱེད་མཁན་སུ་དང་སུ་ཡིན་རུང་ཚང་མར་ཡོད་པའི་མྱོང་ཚོར་ཞིག་ཡིན་པའང་སྨྲོས་མ་དགོས་པ་ཞིག་རེད། བཙའ་བའི་དུས་དེ་ཐོན་པའི་སྐབས་སུ་སྦྲུམ་མའི་སེམས་ཁམས་དང་ལུས་ཕུང་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་མང་པོ་འབྱུང་ལ། འགྱུར་ལྡོག་དེ་དག་གིས་ཁོ་མོ་ཚོ་ཅི་བྱ་གཏོལ་མེད་དུ་འགྱུར་འགྲོ། དེའི་ཕྱིར། ཁོ་མོ་ཚོས་ཚན་རིག་དང་མི་མཐུན་ལ་དགོས་མེད་ཀྱི་མངལ་འདོན་གཤགས་བཅོས་སོགས་གླེན་རྟགས་ཀྱི་བྱ་བའང་བསྒྲུབ་སྲིད། དེ་མིན། མངལ་བཙའ་བ་ཡིས་ཁོ་མོ་ཚོའི་ལུས་སེམས་ལ་གནོད་པ་བསྐྱལ་བ་དང་མི་ཚེ་གང་བོར་ཡལ་ཐབས་མེད་པའི་གྲིབ་མ་ཞིག་དང་ཐ་ན་ནད་སྣ་ཚོགས་ཀྱང་བསྐྱེད་སྲིད། ཡིན་ཡང་འདི་དག་ཚང་མ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྨན་བཅོས་ཞབས་ཞུའི་ལེགས་བསྒྱུར་ལས་ཕྲུ་གུ་བཙའ་བའི་ཐོག་མཐའ་བར་གསུམ་དུ་འདུག་རོགས་བྱེད་པ་དང་བཙའ་བའི་ན་ཟུག་འཇོམས་པ་སོགས་ཀྱི་མཐུན་རྐྱེན་སྦྱར་ནས་རང་བྱུང་དུ་བཙའ་བའི་ལྡོག་ཕྱོགས་ཀྱི་རྐྱེན་ངན་པ་མེད་པར་བྱ་དགོས། དེའི་མཚུངས་སུ་ཁྱིམ་མི་དང་ལྷག་པར་དུ་ཁྱོ་གས་ཆུང་མ་བང་ཟླར་འདུག་པའི་དུས་སྐབས་བེད་སྤྱད་དེ་ཁོ་མོའི་ལུས་སེམས་གསོས་ཏེ་ཨ་མ་བྱེད་པ་ནི་བདེ་ཞིང་སྐྱིད་པའི་བྱ་བ་ཞིག་ཡིན་པའི་ཚོར་བ་སྐྱེས་སུ་འཇུག་དགོས། བཙས་གཞུག་གི་ལུས་ཕུང་སླར་སོས་པ་བཟང་མིན་གྱིས་བུད་མེད་ཀྱི་མི་ཚེ་གཅིག་གི་བདེ་ཐང་ལ་ཁག་ཐེག་བྱེད་པས། བང་མའི་བདེ་སྲུང་ལ་མཐོང་ཆེན་བྱེད་པ་དེ་ཧ་ཅང་གལ་ཆེན་ཞིག་ཡིན། བཙས་གཞུག་ཏུ་དོན་སྣོད་ཚང་མ་རིམ་གྱིས་སོས་ནས་རྒྱུན་ལྡན་གྱི་སྐྱེ་ཁམས་དང་འདྲ་བ་ཞིག་འབྱུང་བར་ཕྱི་རོལ་གྱི་ཆ་རྐྱེན་མང་པོ་ཞིག་གིས་ཁག་ཐེག་བྱེད་དགོས། དཔེར་ན་ངལ་གསོ་དང་འཚོ་བཅུད། དགོས་ངེས་ཀྱི་སྨན་བཅོས་བདེ་སྲུང་། འཕྲོད་བསྟེན་ཆ་རྐྱེན་བཟང་བོ་བཅས་འཛོམས་དགོས། གལ་ཏེ་བཙས་གཞུག་ཏུ་བདེ་སྲུང་བྱས་པ་མི་བཟང་ཚེ་ནད་འདྲ་མིན་འབྱུང་ལ་ཚབས་ཆེ་ན་མ་བུ་གཉིས་ཀྱི་བདེ་ཐང་ལའང་ཤན་ཤུགས་ཐེབས་སྲིད། ཕྲུ་གུ་བཙའ་བའི་དུས་དེ་མངལ་སྦྲུམ་དུས་དང་བསྡུར་ན་དུས་ཡུན་ཅུང་ཐུང་མོད་ཀྱང་དེ་མངལ་སྦྲུམ་དུས་དང་འདྲ་བར་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།
《བུད་མེད་བདེ་སྲུང་ཤེས་བྱ》ལས་བདམས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།