ཟ་མ་འདི་ལྟར་ཟོས་ན་གཉན་ནད་དང་དབང་ལོག་ནད་ཕོག་ཉེན་ཆེ།

ཁུངས། ཀློག་གྲངས།

ནད་ནི་ཁ་ལས་བྱུང་བ་ཞིག་ཡིན་པས། ནད་རིགས་མང་པོ་ཞིག་ནི་བཟའ་བཏུང་དང་འབྲེལ་བ་ཤིན་ཏུ་ཆེ། ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དུས་ཡུན་རིང་པོར་གཉན་ཚད་འཕེལ་བའི་བཟའ་བཏུང་བསྟེན་མཁན་གྱི་མི་ལ་གཉན་ནད་ཕོག་ཚད་ཇེ་ཆེར་འགྲོ་བར་མ་ཟད། ད་དུང་དབང་ལོག་ནད་ཕོག་པའི་ཉེན་ཁ་ཡང་ལྡབ་འགྱུར་གྱིས་ཆེ་བ་རེད།

འོ་ན། གང་འདྲ་ཞིག་ལ་གཉན་ནད་སློང་བའི་བཟའ་བཏུང་ཟེར་བ་དང་། བཟའ་བཏུང་ཇི་ལྟར་བསྟེན་ན་གཉན་ནད་འགོས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་བམ་ཞེ་ན། ཞོལ་ནས་དེའི་སྐོར་གྱི་ལུས་ཁམས་བདེ་ཐང་ཤེས་བྱར་རྒྱུས་ལོན་ཞིག་བྱ།

གཅིག ཟ་མ་འདི་ལྟར་ཟོས་ན་དབང་ལོག་ནད་ཕོག་པའི་ཉེན་ཁ་ཆེ།

རྒྱུན་ལྡན་གྱི་བཟའ་བཏུང་བསྟེན་པ་མི་འགྲིག་པའམ། ལྷག་པར་དུ་གཉན་ཚད་འཕེལ་བའི་བཟའ་བཏུང་བསྟེན་ན། ལུས་ཕུང་ལ་དལ་གཤིས་གཉན་ནད་འབྱུང་སླ། གཉན་ནད་ཀྱི་སྟོན་གྲངས་ཆེས་དམའ་བའི་བཟའ་བཏུང་བསྟེན་མཁན་གྱི་མི་ཚོགས་དང་བསྡུར་ན། གཉན་ཚད་འཕེལ་བའི་སྟོན་གྲངས་མཐོ་བའི་བཟའ་བཏུང་བསྟེན་མཁན་གྱི་མི་ཚོགས་ལ། དབང་ལོག་ནད་ཕོག་པའི་ཉེན་ཁ88%ཀྱིས་མཐོ་བ་རེད།

གཉིས། གཉན་ནད་སློང་བའི་ཟས་རིགས་གང་དག་ཡིན།

མིག་སྔར་ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། གཉན་ནད་མང་པོ་ཞིག་བཟའ་བཏུང་དང་འབྲེལ་བ་ཡོད་པ་རེད། དཔེར་ན། ཚོ་རྒྱས་པ་དང་གཅིན་སྙི་ཟ་ཁུའི་ནད། སྙིང་ཁམས་ཁྲག་རྩའི་ནད་རིགས་སོགས་ནི་བཟའ་བཏུང་དང་འབྲེལ་བ་ཆེན་པོ་ཡོད་ལ། བཟའ་བྱའི་གཉན་ནད་སྟོན་གྲངས་དཔྱད་བསྡུར་བྱེད་ཐབས་ལ་བལྟས་ན། གཤམ་གྱི་བཟའ་བཏུང་རིགས་འདི་དག་ནི་གཉན་ཚད་སློང་བའི་ཟས་རིགས་ཀྱི་ཁོངས་སུ་གཏོགས་པ་རེད།

1.ཚད་ལས་བརྒལ་བའི་ཤ་དམར། ཕག་ཤ་དང་སྐམས་ཤ  ལུག་ཤ་བཅས་ཤ་དམར་གྱི་ཁོངས་སུ་གཏོགས་པས། ཤ་དམར་དེ་དག་ཟོས་དྲགས་ན་ལུས་པོར་གཉན་ནད་སློང་བར་མ་ཟད། ད་དུང་གཅིན་སྙི་ཟ་ཁུའི་ནད་རིགས2པ་དང་། ལོང་གའི་འབྲས་སྐྲན། ཚོ་རྒྱས་པ་བཅས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

2.ལས་སྣོན་བྱས་པའི་ཤའི་རིགས། དཔེར་ན་དུ་བཀག་བཏང་བའི་ཤ་རིགས་དང་། ཤ་རྒྱུ་འདྲ་མིན་སོགས་ཟོས་དྲགས་ན་མིའི་ལུས་ཕུང་གི་དབྱང་འགྱུར་སྐུལ་བསྟུན་ཆུ་ཚད་ཇེ་མཐོར་འགྲོ་བ་དང་གཉན་ནད་ཀྱི་འགྱུར་འབྱུང་ཐོན་སྲིད།

3.མངར་ཆ་མཐོ་བའི་ཟས་རིགས། མངར་ཆ་མཐོ་བའི་ཟས་རིགས་ཀྱིས་རྒྱུ་མའི་འབུ་ཕྲའི་ཁོར་ཡུག་དཀྲུགས་ནས་དལ་གཤིས་གཉན་ནད་སློང་སྲིད། དཔེར་ན། གཙོ་ཟས་འབྲས་གྲོ་ཞིབ་རིགས་དང་། མངར་ཚད་མཐོ་བའི་བཏུང་བྱ། སྒོ་ངའི་བག་ལེབ་སོགས་རེད།

4.སྣུམ་བསྲེགས་ཟས་རིགས། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། སྣུམ་བསྲེགས་ཟས་རིགས་ཟོས་དྲགས་ན་ལུས་པོའི་གཉན་ཚད་མཚོན་རྟགས་དངོས་པོ་ཡང་ཇེ་ཆེར་འགྲོ་སྲིད། ཡང་ཡང་སྣུམ་བསྲེགས་བྱས་པའི་ཟས་རིགས་ནང་དུ་ཚད་ལོན་ཚིལ་སྐྱུར་འབོར་ཆེན་འདུ་བ་དང་། དེར་མ་ཟད་དྲོད་ཚད་མཐོ་བའི་སྣུམ་བཙོས་གོ་རིམ་ཁྲོད་ལྡོག་ཚུལ་ཚིལ་སྐྱུར་མང་པོ་འབྱུང་སྲིད་པས་རེད།

5.ཆང་བཅུད། ཆང་བཅུད་ལའང་གཉན་ནད་སློང་བའི་ཉེན་ཁ་ངེས་ཅན་ཞིག་ལྡན། གཞན་ཡང་རྒྱུན་ལྡན་གྱི་བཟའ་བཏུང་ཁྲོད་ལུགས་དང་མི་མཐུན་པའི་གཙོ་ཟས་བསྟེན་མི་རུང་ཞིང་། ཟས་རིགས་གང་ཡིན་ཡང་ལུགས་མཐུན་ངང་སྡེབ་སྦྱོར་བྱེད་པར་དོ་སྣང་བྱེད་དགོས།

གསུམ། གཉན་ནད་འགོག་པའི་ཟས་རིགས་གང་དག་ཡོད།

རིམས་འགོག་ནུས་པ་ཇེ་ལེགས་སུ་གཏོང་བ་དང་། ལུས་པོའི་གཉན་ནད་ཀྱི་ཆུ་ཚད་ཇེ་དམའ་རུ་གཏོང་འདོད་ན། གཉན་ཚད་འགོག་པའི་ཟས་རིགས་མང་ཙམ་བཟའ་དགོས།

1.སྔོ་ཚོད་དང་ཤིང་འབྲས་མང་ཙམ་བཟའ་དགོས།

ཉིན་རེར་ཚོས་གཞི་མི་འདྲ་བའི་སྔོ་ཚོད་དང་ཤིང་འབྲས་མང་ཙམ་བཟའ་དགོས་པ་སྟེ། དཔེར་ན། ལོ་སྒོར་པད་ཚལ་དང་ཀན་ལན་སོགས་ཀྱི་སྔོ་ཚོད་དང་། འབྲུ་སེའུ་སྔོན་པོ་དང་། འབྲི་ཏ་ས་འཛིན། སེའུ་སོགས་ཀྱི་ཤིང་འབྲས་ལྟ་བུ།

2.ཚི་སྣ་འདུས་པའི་ཟས་རིགས་མང་ཙམ་བཟའ་དགོས།

དཔེར་ན། སྲན་མའི་ཐོན་རྫས་དང་། གྲོ། ནས། བྲ་བོ། མ་རྨོས་ལོ་ཏོག་སོགས་ཟས་རིགས་སྣ་འཛོམས་བཟའ་དགོས་པ་དེ་དག་གིས་ཟས་རིགས་གཙོ་བོའི་སུམ་ཆའི་གཅིག་ནས་གཉིས་བར་སླེབས་གང་ཐུབ་བྱེད་དགོས།

3.ཟ་མའི་ནང་དྲི་ཞིམ་བྲོ་རྫས་མང་ཙམ་རྒྱག་དགོས།

ཟ་མ་གཡོས་སྦྱོར་བྱེད་སྐབས་ཙོང་དང་སྒོག་པ། ཀེ་ཤུན་སོགས་ཀྱི་བྲོ་རྫས་མང་ཙམ་རྒྱག་དགོས། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། བྲོ་རྫས་དེ་དག་ལ་གཉན་ནད་འགོག་པ་དང་ཚོར་ལྷག་འགོག་པའི་ནུས་པ་ལྡན་པར་མ་ཟད། ཐ་ན་ཡུན་རིང་ཟོས་ན་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ།

གཞན་ཡང་། གཉན་ནད་འགོག་པར་ཉིན་རེར་འོས་འཚམ་གྱི་ལུས་སྦྱོང་བྱེད་དགོས་པ་དང་། སྤྲོ་སྣང་བག་ཕེབས་ཀྱི་སེམས་ཁམས་རྒྱུན་འཁྱོངས་བྱེད་དགོས་པ། གཉིད་སྐྱིད་པོ་ཡོང་བ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་དགོས་པ། ཆང་རག་དང་ཐ་མག་ཚོད་མེད་སྤྱོད་པའི་གོམས་གཤིས་དོར་དགོས་པ། དུས་བཅད་ལྟར་སྨན་ཁང་དུ་སོང་ནས་ལུས་པོར་བརྟག་དཔྱད་བྱེད་དགོས་པ་སོགས་ཟས་སྤྱོད་སྤང་བླང་གི་ཐབས་ཤེས་སྣ་ཚོགས་སྤྱོད་དགོས།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།