སྙིང་ཁུངས་རང་བཞིན་གྱི་འཕྲལ་ཤི་སྔོན་འགོག་བྱས་ཏེ་སྔ་ལྟས་འདི་དག་ལ་དོ་སྣང་བྱ་དགོས།

ཁུངས། ཀློག་གྲངས།

ཉེ་བའི་ལོ་འགའི་རིང་། གློ་བུར་དུ་སྙིང་འཕར་འཕྲལ་སྡོད་བྱས་པ་ལས་བསླངས་པའི་འཕྲལ་ཤིའི་དོན་རྐྱེན་མང་དུ་བྱུང་ནས་སྤྱི་དམངས་ཀྱི་བདེ་ཐང་ལ་ཉེན་བརྡ་གཏོང་བཞིན་ཡོད།

འཕྲལ་ཤིཞེས་པ་ནི་ཡིག་ངོ་ནས་གོ་བ་བླངས་ན་གློ་བུར་དུ་ཤི་བ་ལ་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་བཞག་པའི་མཚན་ཉིད་ནི་ནད་བྱུང་རྗེས་ཀྱི་ཆུ་ཚོད་དྲུག་གི་ནང་དུ་ཤི་བ་ལ་འཕྲལ་ཤི་ཞེས་བྱ། འོན་ཀྱང་། ཕྱི་ཚུལ་ནས་བལྟས་ན། འཕྲལ་ཤི་མང་ཆེ་ཤོས་ནི་སྐད་ཅིག་ཉིད་དུ་ཤི་བ་ཞིག་ཡིན།

འཕྲལ་ཤིའི་རྒྱུ་རྐྱེན་ཧ་ཅང་མང་སྟེ། མྱུར་གཤིས་སྙིང་ཤ་ཁེགས་ཤི་དང་གློ་བ་རེང་འགགས། ཚོར་ཐལ་དང་དུག་ཕོག་པ་སོགས་འདུས། སྙིང་ཁུངས་རང་བཞིན་གྱི་འཕྲལ་ཤི་ཞེས་པ་ནི་སྙིང་གི་རྐྱེན་ལས་བྱུང་ཞིང་དུས་ཡུན་ཐུང་ངུའི་ནང་གློ་བུར་དུ་ཤི་བ་ལ་ཟེར། འཕྲལ་ཤིའི་ནད་པ་ནི་རྒྱུན་པར་ནད་བྱུང་རྗེས་ཀྱི་ཆུ་ཚོད་དྲུག་གི་ནང་དུ་འཆི་བ་དང་། དེའི་ཁྲོད་ཀྱི་ནད་པ90%ནི་ནད་བྱུང་རྗེས་ཀྱི་དུས་ཚོད་གཅིག་གི་ནང་དུ་འཆི་བ་རེད།

སྙིང་ཁུངས་རང་བཞིན་གྱི་འཕྲལ་ཤི་ནི་སྔ་ལྟས་ཅི་ཡང་མེད་པའི་གློ་བུར་གྱི་འཇབ་རྒོལ་ལྟ་བུ་ཞིག་མིན་པ་དང་། འཕྲལ་ཤི་བྱུང་བའི་རྒྱབ་ལོགས་སུ་མི་མངོན་པའི་སྙིང་གི་ཁྲག་རྩའི་ནད་དེ། སྙིང་གཟེར་དང་སྙིང་འགྲོས་རྒྱུན་ཤོར། སྙིང་ཤའི་ནད། སྙིང་གི་འདབ་སྐྱིའི་ནད་སོགས་ཡིབ་ཡོད། སྙིང་གི་མངོན་མེད་རྐྱེན་ངན་འདི་དག་ངལ་དུབ་དྲགས་པ་དང་འགུལ་སྐྱོད་དྲག་པོ་བྱས་པ། སེམས་ཁམས་ཐལ་དྲགས་པ་སོགས་ཀྱི་སྐབས་སུ་བྱུང་སྟེ་འཕྲལ་ཤི་བྱེད་སྲིད།

སྙིང་ཁུངས་རང་བཞིན་གྱི་འཕྲལ་ཤི་ལ་སྔ་ལྟས་ཡོད་དེ། དེའི་ཉེན་ཁའི་སྔོན་བརྡ་ལ་རྒྱུས་ལོན་བྱས་ཏེ། སྔོན་འགོག་ལེགས་པོ་བྱས་ན་འཆི་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཧ་ལམ་འཕྲལ་ཤི་ནད་པ་ཕྱེད་ཀ་ཙམ་ལ་ནད་མ་བྱུང་བའི་སྔོན་གྱི་ཆུ་ཚོད་འགའ་དང་ཉིན་འགའ། ཐ་ན་གཟའ་འཁོར་འགའ་ལ་མི་བདེ་བའི་ནད་རྟགས་འབྱུང་སྲིད་དེ། ཆེས་རྒྱུན་མཐོང་གི་ནད་རྟགས་ལ་དབུགས་འབྱིན་རྔུབ་དཀའ་བའི(ཟིན་ཚད41%)དང་བྲང་ཁ་གཟེར་བའི(ཟིན་ཚད33%) ཞེན་ཁ་ལོག་པ་དང་སྐྱུགས་པའི(ཟིན་ཚད13%) རྔུལ་ཆུ་མང་དུ་བཞུར་བའི(ཟིན་ཚད12%) བརྒྱལ་གཟེར་དང་འདྲ་བའི་རྩ་འཁུམ་གྱི(ཟིན་ཚད11%)བཅས་ཡོད། དེའི་ཁྲོད་དུ་ཕོ་མོའི་ནད་རྟགས་ཀྱི་ཐོན་གྲངས་དང་རྣམ་པ་ལ་ཁྱད་པར་མངོན་གསལ་ཡོད། བུད་མེད་ལ་མཚོན་ན། བྱུང་མ་ཐག་པའི་སྙིང་འཕར་འཕྲལ་སྡོད་ཀྱི་ཆེས་མངོན་གསལ་གྱི་ནད་རྟགས་ནི་དབུགས་འཚང་བ་དེ་ཡིན། སྐྱེས་པ་རྣམས་ལ་བྲང་ཁ་གཟེར་བ་དང་དབུགས་འབྱིན་རྔུབ་དཀའ་བ། རྔུལ་ཆུ་བཞུར་བ། བརྒྱལ་གཟེར་བཅས་འབྱུང་སླ། གལ་ཏེ་གོང་གི་ནད་རྟགས་དང་ཆ་འདྲ་བ་བྱུང་ཚེ། སྣང་མེད་དུ་མི་འཇོག་པར་མྱུར་ཏུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱ་དགོས།

གལ་ཏེ་ཁྱེད་རང་ཉེན་ཁ་ཆེ་བའི་མི་ཚོགས་སུ་ཚུད་པའམ་སྙིང་གི་ཁྲག་རྩའི་ནད་བྱུང་ཡོད་ན། ནད་རྟགས་འདི་དག་བྱུང་ཚེ་གཟབ་གཟབ་བྱ་དགོས་ཏེ།

1.དབུགས་འབྱིན་རྔུབ་དཀའ་བ།

2.བྲང་ཁ་གཟེར་བ།

3.བརྒྱལ་བ།

4.མགོ་ཡུ་འཁོར་བ།

5.སེམས་དངངས་པ།

6.རྔུལ་ཆུ་བཞུར་བ་བཅས་ཡིན། སྐྱེས་པ་རྣམས་ཀྱིས་ལྷག་པར་དོ་སྣང་བྱ་དགོས།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།