ཕོ་བའི་འབྲས་སྐྲན་འགོག་བཅོས་ལ་དོ་ཁུར་བྱས་ནས་འཇུ་ལམ་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས།

ཁུངས། ཀློག་གྲངས།

​ད་ལྟའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ནད་རིགས་སྣ་ཚོགས་ཀྱང་འབྱུང་བཞིན་ཡོད། དེ་བས་ཀུན་གྱིས་དུས་རྒྱུན་གྱི་འཚོ་བར་གཟབ་ནན་བྱས་ཏེ་བདེ་ཐང་ལ་དོ་སྣང་བྱེད་དགོས།

དང་པོ། ཕོ་བའི་འབྲས་སྐྲན་འབྱུང་བ་དེ་རྐྱེན་སྣ་ཚོགས་དང་འབྲེལ་བ་ཡོད་པས་དོ་སྣང་བྱེད་དགོས།

ཕོ་བ་ནི་ཟས་རིགས་འཇུག་པ་དང་འཇུ་བར་བྱེད་པའིམཛོད་ཁངལྟ་བུ་ཡིན་ལ། མཛོད་ཁངའདིའི་འབྱར་སྐྱིའི་ཕྲ་ཕུང་ལ་རྒྱུན་མཐུད་ཀྱི་གནོད་སྐྱོན་ཕོག་རྗེས་དུས་ལྟར་སླར་གསོ་མ་ཐུབ་ཚེ་འབྲས་སྐྲན་དུ་འགྱུར་ཉེན་ཆེ།

ཕོ་བའི་འབྲས་སྐྲན་འབྱུང་བ་དེ་རྐྱེན་སྣ་ཚོགས་དང་འབྲེལ་བ་ཡོད་ལ། དེ་ལས། དུང་འཁྱིལ་དབྱུག་སྲིན་འགོ་བ་ནི་རྐྱེན་གལ་ཆེན་ཞིག་སྟེ། ཕྲ་སྲིན་འདིའི་རིགས་ཀྱིས་ཕོ་བའི་ནང་གཏན་བཙུགས་ནས་དལ་གཤིས་གཉན་ཚད་ཀྱི་རྣམ་པ་མངོན་པ་དང་། དུས་ཡུན་རིང་པོར་འགོས་ན་ཕོ་བའི་འབྲས་སྐྲན་དུ་འགྱུར་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད།

དེ་ལས་གཞན། རྒྱུད་འདེད་རྒྱུ་རྐྱེན་ཡང་སྣང་མེད་དུ་འཇོག་མི་རུང་། གལ་ཏེ་ཁྱིམ་མིའི་ཁྲོད་དུ་ཕོ་བའི་འབྲས་སྐྲན་ཕོག་པའི་ནད་པ་ཡོད་ཚེ། བཟའ་མི་གཞན་དག་ལ་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཡང་ལྟོས་བཅས་ཀྱིས་ཆེ་རུ་འགྲོ། དལ་གཤིས་རང་བཞིན་གྱི་ཕོ་བའི་ནད་རིགས་འགའ་ཤས་ཏེ། དཔེར་ན། ཕོ་རུབ་ཀྱི་ནད་དང་བད་ཀན་སྨུག་པོ་སོགས་ལ་གལ་ཏེ་དུས་ཡུན་རིང་པོར་ཚད་ལྡན་གྱི་གསོ་བཅོས་མ་བྱས་ན། རིམ་གྱིས་སྐྲན་སྔོན་ནད་འགྱུར་དུ་འཕེལ་ནས་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

གཉིས་པ། སྔོན་འགོག་གཙོ་བོར་བཟུང་སྟེ་བདེ་ཐང་གི་འཚོ་བའི་གོམས་གཤིས་ཆགས་སུ་འཇུག་པ།

ཕོ་བའི་འབྲས་སྐྲན་སྔོན་འགོག་བྱེད་པར་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་བ་ཕྲན་ཚེགས་ནས་མགོ་རྩོམ་པ་དང་བདེ་ཐང་གི་འཚོ་བའི་གོམས་གཤིས་ཆགས་པར་བྱེད་པ་སྟེ། ཐོག་མར། བཟའ་བཏུང་འཕྲོད་བསྟེན་ལ་དོ་སྣང་བྱས་ནས་དུང་འཁྱིལ་དབྱུག་སྲིན་འགོ་བར་གཡོལ་དགོས། གསོལ་སྟོན་དུ་ཞུགས་སྐབས་གཞུང་ཐུར་སྤྱོད་པ་འདོན་སྤེལ་བྱས་ནས་ཕྲ་སྲིན་འགོ་ལམ་ཇེ་ཉུང་དུ་གཏོང་བ་དང་། བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ། ཚྭ་མང་བ་དང་བསྲེགས་ཟས་སོགས་ཟས་རིགས་སུ་ཕོ་བའི་འབྱར་སྐྱིར་གནོད་པའི་དངོས་རྫས་ཡོད་པས་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ་དང་། འཚོ་རྒྱུ་དང་གཏེར་རྒྱུ། དབྱང་འགོག་སྐུལ་རྫས་ཕུན་སུམ་ཚོགས་པ་ལྡན་པའི་སིལ་ཏོག་དང་སྔོ་ཚོད་འདང་ངེས་ཟོས་ན་ཕོ་བའི་འབྱར་སྐྱི་ལ་སྲུང་སྐྱོབ་བྱེད་པར་ཕན།དེ་དང་མཉམ་དུ། རྒྱས་བཟའ་རྒྱས་འཐུང་མི་བྱེད་པར་ཆོས་ཉིད་དང་ལྡན་པའི་ངང་བཟའ་བཏུང་ལ་བསྟེན་ན། ཕོ་བའི་འཇུ་ནུས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་ཐུབ།

དུ་བ་གཅོད་པ་དང་ཆང་འཐུང་བར་ཚོད་འཛིན་བྱས་ན་ཕོ་འབྲས་ནད་ཀྱི་སྔོན་འགོག་ལ་ཤིན་ཏུ་ཕན། དུ་བ་འཐེན་ན་ཕོ་འབྲས་སློང་བའི་ཉེན་ཁ་ཇེ་ཆེར་འགྲོ་ལ། དུས་ཡུན་རིང་པོར་ཆང་བག་མེད་དུ་འཐུང་ན་ཐད་ཀར་ཕོ་བའི་འབྱར་སྐྱིར་གནོད་པ་ཐེབས་ཤིང་གཉན་ཚད་དང་བད་ཀན་སྨུག་པོ་བསླངས་ནས་ཕོ་འབྲས་འབྱུང་ཚད་ཇེ་ཆེར་འགྲོ་སྲིད། དེ་ལས་གཞན། སེམས་ཁམས་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་ཏེ། ཡུན་རིང་པོར་སེམས་འཚབ་པ་དང་སེམས་ཁྲལ་ཆེ་བ་སོགས་ཀྱིས་ཀྱང་ཕོ་བའི་རྒྱུན་ལྡན་བྱེད་ནུས་ལ་གནོད་སྐྱོན་ཐེབས་སླ།

གསུམ། ལྐོག་གྱུར་གྱི་ཉེན་བརྡ་སྣང་མེད་དུ་མི་འཇོག་པར་དོ་སྣང་བྱེད་པ།

ཕོ་བའི་འབྲས་སྐྲན་གྱི་དུས་སྔའི་ནད་རྟགས་ནི་རྒྱུན་དུ་མངོན་གསལ་མིན་པས་སྤྱིར་བཏང་གི་ཕོ་ནད་དང་ནོར་སླ་བས། ནད་པ་མང་པོས་ཤེས་ཚོར་བྱུང་སྐབས་དུས་འབྲིང་དང་དུས་ཕྱིར་སླེབས་ཡོད། དེའི་ཕྱིར། ཕོ་བའི་འབྲས་སྐྲན་གྱི་དུས་སྔ་མར་ཉེན་བརྡ་གང་དག་ཡོད་པར་རྒྱུས་ལོན་དང་དུས་ལྟར་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་རྒྱུ་ནི་གནད་འགག་ཞིག་རེད།

གལ་ཏེ་ཕོ་བར་མི་བདེ་བའམ་ན་ཚ་བྱུང་བ་དང་། ན་ཟུག་ལ་ཆོས་ཉིད་ངེས་ཅན་མི་ལྡན་ལ། སྤྱིར་བཏང་གི་ཕོ་བར་འཕྲོད་པའི་སྨན་འཐུང་ཡང་ཞི་ལྷོད་དུ་མི་འགྲོ་བའི་སྐབས་སུ་མཐོང་ཆེན་བྱེད་དགོས། ནད་པ་ཁག་ཅིག་ལ་ཡི་ག་མེད་པ་དང་འཇུ་སྟོབས་ཞན་པ། ཞེ་མེར་ལངས་པ་སོགས་ཀྱི་ནད་རྟགས་ཡོད་ལ། ནད་བབ་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས་ལུས་པོའི་ལྗིད་ཚད་མར་ཆག་པ་དང་ཟུངས་ཟད་པ་སོགས་ཀྱི་གནས་ཚུལ་ཡང་འབྱུང་སྲིད། དེ་ལས་གཞན། རྩ་མདོག་ནག་པོར་འགྱུར་བ་དང་ཁྲག་སྐྱུག་པ་སོགས་ཀྱང་ཕོ་བའི་འབྲས་སྐྲན་གྱི་བརྡ་རྟགས་ཡིན་པས། དེ་ནི་འབྲས་སྐྲན་གྱིས་ཕོ་བའི་འབྱར་སྐྱིའི་ཁྲག་རྩར་བཙན་གནོད་བྱས་པ་ལས་བྱུང་བ་རེད།

དོ་སྣང་བྱེད་དགོས་པ་ཞིག་ནི། ནད་རྟགས་དེ་དག་ནི་ཕོ་བའི་འབྲས་སྐྲན་ལ་ཁྱད་དུ་ཡོད་པ་ཞིག་མ་ཡིན་ཏེ། ཕོ་བའི་ནད་རིགས་གཞན་པ་ལའང་མངོན་ཚུལ་འདི་དང་འདྲ་བ་འབྱུང་སྲིད། འོན་ཀྱང་གལ་ཏེ་ནད་རྟགས་དེ་དག་རྒྱུན་མཐུད་ངང་གནས་པའམ་རིམ་བཞིན་ཚབས་ཇེ་ཆེར་སོང་ན་དུས་ལྟར་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་པ་དང་། གནད་དོན་ཡོད་ཚེ་འབྲེལ་ཡོད་བརྟག་བཤེར་གསལ་པོ་བྱེད་དགོས།

བཞི། སྔ་མོ་ནས་ཤེས་རྟོགས་བྱེད་པ་དང་སྔ་མོ་ནས་སྨན་བཅོས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

ཕོ་འབྲས་ཡིན་པ་གཏན་ཁེལ་བྱས་ཚེ། ནད་པ་དང་ཁྱིམ་མི་འཚུབ་ཆ་ཆེན་པོ་མི་ལངས་པར། སྨན་པར་གང་ནུས་ཀྱིས་རམ་འདེགས་བྱས་ཏེ་གསོ་བཅོས་བྱེད་དགོས། ཕོ་འབྲས་ཀྱི་གསོ་བཅོས་བྱེད་ཐབས་ནི་འབྲས་སྐྲན་གྱི་དུས་རིམ་དང་ནད་པའི་ལུས་པོའི་གནས་ཚུལ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་གཏོང་དགོས། རྒྱུན་མཐོང་གི་གསོ་བཅོས་བྱེད་ཐབས་ལ་གཤགས་བཅོས་དང་རྫས་འགྱུར་གསོ་ཐབས་དང་འཕྲོ་བཅོས་སོགས་ཡོད།

དུས་སྔའི་ཕོ་འབྲས་ནད་པར་མཚོན་ན། གལ་ཏེ་འབྲས་སྐྲན་དེ་ཕོ་བའི་འབྱར་སྐྱིའི་རིམ་པའམ་འབྱར་སྐྱིའི་འོག་རིམ་དུ་གནས་པ་ལས། རྨེན་མདུད་ཀྱི་སྟེང་དུ་སྤོ་བསྒྱུར་བྱས་མེད་ཚེ་གཤགས་བཅོས་བྱས་ན་ཕན་ནུས་ཅུང་ལེགས་པོ་ཐོན་ཐུབ་པ་དང་། ནད་པ་ཁ་ཤས་ཤིག་སངས་དྲག་ཏུ་འགྲོ་བའང་ཡོད།དེ་བས་སྨན་པས་ཞིབ་ཕྲའི་གནས་ཚུལ་ལ་བལྟས་ནས་འོས་འཚམ་གྱི་གཤགས་བཅོས་བྱེད་ཐབས་འདེམ་ངེས།

ཕོ་བའི་འབྲས་སྐྲན་གྱི་དུས་འབྲིང་དང་དུས་ཕྱིའི་ནད་པར་མཚོན་ན། གཤགས་བཅོས་བྱེད་པ་དང་མཉམ་དུ་རྫས་འགྱུར་གསོ་ཐབས་སོགས་ཕྱོགས་བསྡུས་གསོ་བཅོས་བྱེད་ཐབས་སྤྱད་དེ། འབྲས་སྐྲན་གྱི་སྐྱེ་འཚར་དང་ཁྱབ་མཆེད་ལ་ཚོད་འཛིན་དང་ནད་རྟགས་ཞི་ལྷོད་དུ་གཏོང་བ། འཚོ་བའི་སྤུས་ཚད་མཐོར་འདེགས། འཚོ་ཡུན་རིང་དུ་གཏོང་བ་བཅས་བྱེད་ཐུབ། ལོ་འདི་འགར། རིམས་འགོག་གསོ་ཐབས་སོགས་གསོ་བཅོས་བྱེད་ཐབས་གསར་པ་དག་གིས་ཀྱང་ཕོ་བའི་འབྲས་སྐྲན་གསོ་བཅོས་ཀྱི་ཁྲོད་ནས་གྲུབ་འབྲས་ངེས་ཅན་བླངས་ཤིང་། ནད་པ་རྣམས་ལ་སྔར་བས་མང་བའི་གསོ་བཅོས་གདམ་གསེས་བྱིན་ཡོད།

ཕོ་བའི་འབྲས་སྐྲན་གྱི་ནད་པ་དག་གིས་ནད་བཅོས་མཇུག་བསྒྲིལ་རྗེས་ད་དུང་དུས་ཡུན་རིང་པོར་ཁམས་གསོའི་ནད་བཅོས་དང་དུས་ངེས་མེད་ཀྱི་འཚམས་འདྲི་དང་ལེན་བྱེད་དགོས། ཁམས་གསོའི་དུས་སྐབས་སུ་བཟའ་བཏུང་གི་སྙོམ་སྒྲིག་ལ་དོ་སྣང་བྱེད་དགོས་ཏེ། གཤེར་བའི་ཟས་རིགས་ནས་རིམ་བཞིན་ཕྱེད་གཤེར་མའི་ཟས་རིགས། དེ་ནས་སྙི་ཟས། མཐར་རྒྱུན་ལྡན་གྱི་བཟའ་བཏུང་དུ་སླར་གསོ་བྱེད་དགོས། བཟའ་བཏུང་ནི་ཞག་ཚིལ་ཉུང་བ་དང་འཇུ་བདེ་བ་ཡིན་དགོས་པ་དང་། ཁ་ཚ་བ་དང་བྲོ་རྫས་ཅན་གྱི་ཟས་རིགས་སྤྱོད་མི་འོས། དེ་དང་མཉམ་དུ། ནད་པས་སེམས་ཁམས་ལེགས་པོ་རྒྱུན་འཁྱོངས་བྱེད་པ་དང་ལུས་སྦྱོང་འོས་འཚམ་བྱས་ཏེ་ལུས་པོའི་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། དུས་ལྟར་སྨན་ཁང་ལ་བསྐྱར་བརྟག་བྱེད་དུ་སོང་ནས་འབྲེལ་ཡོད་ཀྱི་ནད་བཅོས་བྱེད་ཐབས་སྤྱོད་པར་སྟབས་བདེ་བསྐྲུན་དགོས།

ཕོ་བའི་འབྲས་སྐྲན་ནི་ཚབས་ཆེ་བའི་ནད་རིགས་ཤིག་ཡིན་ནའང་། སྔོན་འགོག་དང་དུས་སྔའི་དབྱེ་འབྱེད། ཚན་རིག་དང་མཐུན་པའི་སྨན་བཅོས་སོགས་བྱས་ན་ཕོ་འབྲས་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་བཏང་སྟེ་གསོ་བཅོས་ཕན་འབྲས་ལེགས་པོ་ཐོན་ཐུབ། སྤྱི་དམངས་ཀྱིས་བདེ་ཐང་གི་འཚོ་བའི་གོམས་གཤིས་ཆགས་སུ་འཇུག་པ་དང་། གལ་ཏེ་ཕོ་བ་མི་བདེ་བའི་ནད་རྟགས་བྱུང་ན་ཕྱིར་འགྱངས་མི་བྱེད་པར་དུས་ལྟར་སྨན་པར་སྟོན་པ་དང་བརྟག་བཤེར་བྱེད་དགོས་ཤིང་། སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་སྨན་བཅོས་བཅས་བྱེད་རྒྱུ་ཧ་ཅང་གལ་ཆེ། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།