
ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། གཤམ་གྱི་མི་འདི་དག་གིས་གལ་ཏེ་དུས་ཚོད་འོས་འཚམ་བདམས་ཏེ་ཤིང་ཏོག་ཟོས་ན་ལུས་པོའི་བདེ་ཐང་ལ་སྔར་བས་ཀྱང་ཕན་པ་ཆེ།
ཁྲག་ཧྭགས་མཐོ་བའི་མི་ཚོགས།
ཁྲག་ཧྭགས་མཐོ་བའི་མི་ཚོགས་ཀྱིས་ཟས་མ་ཟོས་པའི་ཆུ་ཚོད2ཀྱི་སྔོན་ནམ་ཟོས་ནས་ཆུ་ཚོད2འགོར་རྗེས། ཁ་སྣོན་གྱི་ཚུལ་དུ་ཤིང་ཏོག་ཟོས་ན། ཟ་ཐེངས་གཅིག་གིས་ཐཱན་ཆུ་འདྲེས་འགྱུར་རྫས་བསྡུ་ལེན་བྱས་པ་མང་དྲགས་ཏེ་ཤན་རྨེན་གྱི་ཁུར་བོ་ཇེ་ལྕིར་འགྲོ་བར་གཡོལ་བ་ལ་ཕན་པར་མ་ཟད། ཟ་མ་ཟོས་རྗེས་ཀྱི་ཁྲག་ཧྭགས་ཀྱི་ཤུགས་རྐྱེན་ཡང་ཇེ་ཆུང་ཡིན།
མི་རེའི་ལུས་པོའི་འཇུ་བྱེད་མི་འདྲ་བས་ཤིང་ཏོག་གིས་སོ་སོའི་ཁྲག་ཧྭགས་ལ་ཐེབས་པའི་ཤུགས་རྐྱེན་ཡང་མི་འདྲ། ཁྲག་ཧྭགས་མཐོ་བའི་མི་ཚོགས་ཀྱིས་ཤིང་ཏོག་ཟ་བའི་སྔོན་དང་རྗེས་ཀྱི་ཆུ་ཚོད1སྟེང་སོ་སོར་ཁྲག་ཧྭགས་ལ་བརྟག་འཇལ་ཐེངས་གཅིག་བྱ་དགོས་པའི་བླང་བྱ་བཏོན་ཡོད་ཅིང་། གལ་ཏེ་སྔ་རྗེས་ཀྱི་གཞི་གྲངས་བར་ཁྱད་ཧྲེང་རེར་ཧའོ་མོར2.2 མ་བརྒལ་ན། བདམས་པའི་ཤིང་ཏོག་གི་རིགས་དང་གྲངས་འབོར་འོས་འཚམ་ཡིན་པ་མཚོན།
ལུས་སྦྱོང་བྱེད་པའི་མི་ཚོགས།
ལུས་སྦྱོང་འགུལ་སྐྱོད་བྱེད་སྐབས། ཉུང་མཐར་ཡང་སྐར་མ30ཡི་སྔོན་དུ་ཤིང་ཏོག་ཟོས་ཏེ་ཕོ་བ་དང་རྒྱུ་མར་འཇུ་དུས་འདང་ངེས་ཤིག་སྟེར་དགོས།
གལ་ཏེ་དུས་ཡུན་རིང་བོར་སྦྱོང་བརྡར་དྲག་པོ་བྱས་ན་ཆུ་ཚོད་ཕྱེད་ཀ་རེར་ཤིང་ཏོག་ཁེ50ནས100ཟོས་ཆོག་སྟེ། དཔེར་ན། ངང་ལག་ཆུང་ངུ་གཅིག་དང་སྤྲེལ་ཁམ་ཆུང་ངུ་གཅིག ཡང་ན་རྒུན་འབྲུམ་འགའ་སོགས་ཟོས་ནས་ལུས་པོར་མཁོ་བའི་ནུས་ཚད་མཁོ་སྤྲོད་བྱས་ཏེ། རྙིང་ཚབ་གསར་བྱེད་ཅུང་ལེགས་པོ་ཞིག་རྒྱུན་འཁྱོངས་བྱེད་ཐུབ།
ཕོ་མཚེར་མི་བདེ་བའི་མི།
ཟ་མ་ཟོས་རྗེས་ཀྱི་ཆུ་ཚོད1ནས2བར་ཤིང་ཏོག་བཟའ་དགོས་ཏེ། ཤིང་ཏོག་གི་སྐྱུར་ཁུ་ཐད་ཀར་ཕོ་བའི་འབྱར་སྐྱི་ལ་འཕྲད་པར་གཡོལ་ཏེ་ཕོ་བར་ཟུག་གཟེར་ལངས་བ་ལྷོད་ཡངས་སུ་གཏོང་དགོས། ཡང་ན་ཤིང་ཏོག་གི་ཤུན་པ་བཤུ་བའམ་ཚ་སྣོན་བྱེད་པ། བཙོས་ནས་ཚོས་རྗེས་ལོངས་སུ་སྤྱད་དེ་ཚི་སྣ་མེད་པར་བཟོ་བའམ་སྙི་མོར་བཏང་སྟེ་ཕོ་བའི་ཁུར་བོ་ཇེ་ཡང་དུ་བཏང་ཆོག
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།