
ཚན་རིག་དང་མཐུན་པའི་སྒོ་ནས་བཟའ་བཏུང་སྤྱོད་རྒྱུ་ནི་ཁྲག་ཧྭགས་དོ་དམ་བྱེད་པའི་སྲོག་ཤིང་ཡིན་མོད། འོན་ཀྱང་བདེ་ཐང་གི་འཚོ་བ་རོལ་སྟངས་གཞན་དག་གིས་རོགས་འདེགས་བྱས་ན། ད་གཟོད་གཅིན་སྙི་
ཟ་ཁུའི་ནད་སྔོན་འགོག་གི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཐུབ།
ལུས་སྦྱོང་འོས་འཚམ་བྱེད་པ།
ལུས་རྩལ་སྦྱོང་བརྡར་གྱིས་གཤེར་མའི་ཕུང་རྩིའི་ཚོར་སྐྱེན་རང་བཞིན་མངོན་གསལ་གྱིས་མཐོར་འདེགས་གཏོང་ཐུབ་པས། ཁྲག་ཧྭགས་ཟད་གྲོན་གཏོང་བའི་ཐད་ཀྱི་ཐབས་ལམ་ཞིག་རེད། 《ཀྲུང་གོའི་གཅིན་སྙི་ཟ་ཁུའི་ནད་ཀྱི་འགོག་བཅོས་མཛུབ་སྟོན(2024ལོའི་པར་གཞིའི)》གྲོས་འཆར་ལྟར་ན། གཅིན་སྙི་ཟ་ཁུའི་ནད་པ་དར་མས་གཟའ་འཁོར་རེར་ཉུང་མཐའ་ཡང་སྐར་མ150ཡི་དྲག་ཚད་འབྲིང་བའི་དབྱང་ལྡན་འགུལ་སྐྱོད་དེ། དཔེར་ན། གོམ་པ་མྱུར་བགྲོད་དང་། ལྕགས་རྟར་ཞོན་པ། ཆུར་རྐྱལ་བ་སོགས་བྱེད་དགོས་པར་མ་ཟད། འགོག་ཤུགས་སྦྱོང་བརྡར་ཐེངས་གཉིས་ལས་མི་ཉུང་བ་བྱེད་དགོས། མངར་ཆ་ཚོད་འཛིན་གྱི་རྩ་དོན་ནི“ཙོག་ཡུན་རིང་མི་རུང་བར། ཅི་ཙམ་འགུལ་ན་དེ་ཙམ་ཕན”པ་རེད།
བདེ་ཐང་གི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་དགོས་པ།
ལུས་པོའི་ལྗིད་ཚད་བརྒལ་བ་དང་ཚོ་དྲགས་པ་ནི་གཅིན་སྙི་ཟ་ཁུའི་ནད་ཀྱི་འབྱུང་རྒྱུ་རྐྱེན་གཙོ་བོ་རེད། ལུས་པོའི་ལྗིད་ཚད་བརྒལ་བའམ་ཚོ་དྲགས་པ་ལས་བྱུང་བའི་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་པར་མཚོན་ན། ལུས་པོའི་ལྗིད་ཚད5%ཇེ་ཡང་དུ་གཏོང་རྒྱུ་ནི་ལུས་པོའི་ལྗིད་ཚད་དོ་དམ་གྱི་གཞི་རྩའི་རེ་བ་ཡིན་ལ། འགའ་ཞིག་གིས་རང་ཉིད་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། དེ་ལས་ལྷག་པའི་ལུས་པོའི་ལྗིད་ཚད་ཇེ་དམའ་རུ་གཏོང་བའི་དམིགས་ཚད་དེ། དཔེར་ན། རྨང་གཞིའི་ལུས་པོའི་ལྗིད་ཚད་ཀྱི7%ནམ15%ཇེ་ཡང་དུ་གཏོང་བ་ལྟ་བུ་གཏན་འཁེལ་བྱས་ཆོག དུས་རིམ་སྔ་མར་གནས་པའི་ཚོ་བུད་པའི་གཅིན་སྙི་ཟ་ཁུའི་མི་ཚོགས་ལ་མཚོན་ན། ཐོག་མའི་ལུས་པོའི་ལྗིད་ཚད་ཀྱི5%ནས7%བར་ཇེ་ཡང་དུ་བཏང་ན། གཅིན་སྙི་ཟ་ཁུའི་ནད་དུ་འགྱུར་བའི་ཉེན་ཁ་ཆེས་ཆེར་ཇེ་དམའ་རུ་གཏོང་ཐུབ། ལུས་པོའི་ལྗིད་ཚད་ཀྱི་སྟོན་གྲངས་དེ18.5ནས23.9བར་གྱི་ཚད་གཞི་ལེགས་པོའི་ཁོངས་སུ་རྒྱུན་འཁྱོངས་བྱེད་པ་ནི། གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་རེད།
གཉིད་འདང་ངེས་ལ་ཁག་ཐེག་བྱེད་པ།
ཡུན་རིང་བོར་གཉིད་མི་འདང་བའམ་གཉིད་ཀྱི་སྤུས་ཚད་ཞན་ན། ནང་པགས་རྫས་ཕྲུན་དང་སྐྱེ་འཚར་སྐུལ་རྒྱུ་སོགས་ཀྱི་ཟགས་ཐོན་ལ་འགོག་རྐྱེན་བཟོས་ཏེ། གཤེར་རྩིའི་འགོག་ཤུགས་ཆེ་རུ་གཏོང་བ་དང་ཟས་ཀྱི་འདོད་པ་འཕེལ་བར་བྱེད་སྲིད། དེར་བརྟེན་ནར་སོན་པའི་མིས་མཚན་མོའི་ཆུ་ཚོད7ནས9བར་གྱི་སྤུས་ཚད་མཐོ་བའི་གཉིད་ཁག་ཐེག་བྱས་ན་ལེགས།
གནོན་ཤུགས་ཞི་ལྷོད་དུ་གཏོང་ཤེས་པ།
ཡུན་རིང་བོར་གནོན་ཤུགས་ཆེ་དྲགས་ན། ཁྲག་ཧྭགས་མཐོ་རུ་འགྲོ་བའི་ཉེན་ཁ་ཆེ། རང་ཉིད་དང་འཚམ་པའི་སེམས་ངལ་གསོ་ཐབས་འཚོལ་དགོས་ཏེ། དཔེར་ན། སྒོམ་རྒྱག་པ་དང་། ཡོ་གའི་ལུས་སྦྱོང་བྱེད་པ། ནང་མི་གྲོགས་པོ་ལ་སེམས་གཏམ་བཤད་པ་སོགས་ནི། ཁྲག་ཧྭགས་བརྟན་འཇགས་སུ་གནས་པར་ཤིན་ཏུ་གལ་ཆེ་བ་ཡིན།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།