
བུ་སྣོད་ཕྱི་རུ་ཕྲུ་གུ་ཆགས་པ་ལ་སྣོད་ཕྱིར་ཕྲུ་གུ་ཆགས་པའང་ཟེར། འདི་ནི་མོ་ནད་ཚན་ཁག་དང་བུ་བཙའ་ཚན་ཁག་གི་རྒྱུན་མཐོང་གི་ནད་ཅིག་ཡིན་ཞིང་། གལ་ཏེ་དུས་ཐོག་ཏུ་བརྟག་དཔྱད་བྱས་ཏེ་ངོས་འཛིན་མ་བྱས་ན་སྦྲུམ་མའི་ཚེ་སྲོག་ལ་ཉེན་ཁ་ཆེ་བས་ཧ་ཅང་དོ་སྣང་བྱེད་དགོས། ཉེ་བའི་ལོ་འདི་འགར་བུ་སྣོད་ཕྱི་རུ་ཕྲུ་གུ་ཆགས་པའི་བྱུང་ཚད་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད།
བུ་སྣོད་ཕྱི་རུ་ཕྲུ་གུ་ཆགས་པ་ལ་ཁམས་འདྲེན་སྦུ་གུར་ཕྲུ་གུ་ཆགས་པ་དང་གསུས་ཁོག་ལ་ཕྲུ་གུ་ཆགས་པ་སོགས་འདུ། དེའི་ནང་ནས་ཁམས་འདྲེན་སྦུ་གུར་ཕྲུ་གུ་ཆགས་པ་ནི་ཆེས་རྒྱུན་མཐོང་ཞིག་ཡིན་ཞིང་། དེ་བུ་སྣོད་ཕྱི་རུ་ཕྲུ་གུ་ཆགས་པའི་ཟིན་ཚད་ཀྱི་བརྒྱ་ཆའི་གོ་ལྔ་ཡས་མས་སུ་སླེབས་ཡོད། ཞོལ་ནས་འདིའི་སྐོར་གྱི་ཤེས་བྱ་ངོ་སྤྲོད་ཅིག་བྱས་ན། ནད་འདིའི་རྒྱུ་རྐྱེན་གཙོ་བོ་ཁམས་འདྲེན་སྦུ་གུར་གཉན་ཚད་རྒྱས་ཡོད་པ་དང་། དེ་སྔར་ཁམས་འདྲེན་སྦུ་གུར་ནད་བྱུང་ནས་གཤགས་བཅོས་བྱས་མྱོང་ཡོད་པ། མངལ་དུ་སྦྲུམ་འགོག་ཨ་ལོང་བཞག་ཡོད་པ། ཁམས་འདྲེན་སྦུ་གུའི་འཚར་སྐྱེ་ཞན་པའམ་བྱེད་ལས་རྒྱུན་ལྡན་མིན་པ། མངལ་སྐྲན་ཡོད་པ་བཅས་ལས་འབྱུང་བཞིན་ཡོད།
ཁམས་འདྲེན་སྦུ་གུར་ཕྲུ་གུ་ཆགས་པའི་ནད་ཐོག་མངོན་ཚུལ་དེ་སྦྲུམ་བུ་ཤོར་ཡོད་མེད་དང་ཁྲག་མང་པོ་བཞུར་མིན་བཅས་ལ་རག་ལས། རྒྱུན་པར་ཟླ་མཚན་གྱི་དུས་ལས་གཡོལ་བ་དང་སྐྱུག་མེར་ལངས་པ་སོགས་མངལ་ཆགས་པའི་རྟགས་མཚན་ཡོད་པ་དང་ཆབས་ཅིག ཕྱོགས་གཅིག་ནས་རྒྱུ་ཞབས་ལ་ན་ཟུག་ཅུང་ཙམ་ལངས་པ་ཡིན། གལ་ཏེ་ཁམས་འདྲེན་སྦུ་གུར་ཕྲུ་གུ་ཆགས་པ་དེ་ཤོར་བ་ཡིན་ན། གློ་བུར་དུ་རྒྱུ་ཞབས་ལ་ན་ཟུག་དྲག་པོ་ལངས་ཏེ་གསང་ལམ་ནས་ཁྲག་བཞུར་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། དེ་བས་ཟླ་མཚན་ཕྱིར་འགྱངས་བྱས་པའི་བུད་མེད་ལ་གོང་གསལ་གྱི་རྟགས་དེ་ལྟ་བུ་མངོན་ཚེ་སྣང་མེད་དུ་མི་འཇོག་པར་མགྱོགས་མྱུར་སྒོས་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེ།
གོང་གི་ཤེས་བྱ་དེ《བུད་མེད་བདེ་ཐང་སྐོར་གྱི་དྲིས་ལན་གནད་བརྒྱ་མ》ལས་བདམས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།