
མི་མང་བོ་ཞིག་གིས་དུས་ཡུན་རིང་བོར་ཟུར་དུ་ཉལ་ན་སྒལ་གཞུང་འཁྱོག་པོར་འགྱུར་བར་སེམས་ཁྲལ་བྱེད་བཞིན་ཡོད། ཆེད་མཁས་པས་གསལ་བོར་བཤད་རྒྱུར། མིག་སྔར་ནད་ཐོག་ཏུ་ཟུར་དུ་ཉལ་བ་དང་སྒལ་གཞུང་འཁྱོག་པོར་འགྱུར་བའི་བར་ལ་ཐད་ཀར་འབྲེལ་བ་ཡོད་པ་རྟོགས་མེད། རྒྱུན་མཐོང་གི་སྒལ་གཞུང་འཁྱོག་པ་མང་ཆེ་བ་ནི་རྒྱུད་འདེད་དང་རྒྱུད་རྒྱུ། སྐུལ་རྩིའི་ཆུ་ཚད། ལྷན་སྐྱེས་ཀྱི་འཚར་སྐྱེ་ཡ་མ་གཟུགས་སམ་འབྲེལ་ཡོད་ཀྱི་ནད་རིགས་བཅས་ལ་རག་ལས་ཡོད། འཚོ་བའི་ཁྲོད་དུ་འདུག་སྟངས་དང་འབྲེལ་བ་ཡོད་པའི་སྒལ་གཞུང་འཁྱོག་པ་ཉུང་ཤས་ཤིག་ནི། དུས་ཡུན་རིང་བོར་ཕྲག་པ་ཡ་གཅིག་གིས་ཁུར་བོ་ལྕི་མོ་འཁུར་བ་དང་འདུག་སྟངས་མི་བཟང་བ་ལས་བྱུང་བ་ཡིན་ལ། མང་ཆེ་བ་ནི་བྱེད་ལས་རང་བཞིན་གྱི་གནད་དོན་ཡིན་ཞིང་། དེ་དག་གི་རྒྱུ་རྐྱེན་བསལ་རྗེས་རིམ་བཞིན་ཇེ་ལེགས་སུ་འགྲོ་བས། ཟུར་དུ་ཉལ་བར་སེམས་ཁྲལ་ཆེན་པོ་བྱེད་མི་དགོས།
དེ་མིན“ལག་པ་གཉིས་ཡར་བཀྱགས་པ”ཡི་ཉལ་སྟངས་ནི་མི་ལེགས་ཏེ། ཉལ་སྟངས་འདིས་ཕྲག་པའི་ཤ་གནད་གྲིམ་པར་བྱས་ཏེ་ལྷོད་པོ་ཡོང་མི་ཐུབ་པས། སྐེ་དང་ཕྲག་པར་ན་བ་དང་མི་བདེ་བའི་སྣང་ཚུལ་འབྱུང་སླ།
གཉིད་ལོག་པའི་ཞིབ་ཆ་གང་དག་ལ་དོ་སྣང་བྱ་དགོས་ཞེ་ན།
ཉལ་སྟངས་ལས་གཞན། ཉལ་སྟན་གྱི་གདམ་གའང་ཧ་ཅང་གལ་ཆེ། ཆེད་མཁས་པའི་བསམ་ཚུལ་ལྟར་ན། སྟན་ནི་སྙི་དྲགས་པའམ་སྲ་དྲགས་པ་མ་ཡིན་པར། ཅུང་ཚོ་བའི་མིས་སྟན་ཅུང་ཙམ་སྲ་མོ་བདམས་ཆོག་པ་དང་། ལུས་པོ་སྐམ་རིད་ཅན་ལ་ཅུང་སྙི་བའི་སྟན་འཚམ། མི་མང་ཆེ་བའི་ངོས་ནས་བཤད་ན། ལག་པས་ཤུགས་ཆེན་པོས་མནན་ན་ལི་སྨི3ཙམ་རྡིབ་ཐུབ་པ་དང་། ལྷོད་རྗེས་འཕྲལ་དུ་ཕྱིར་ལྡེམ་ཐུབ་པའི་སྟན་ནི་ཤིན་ཏུ་འཚམ་པོ་ཡིན།
དེ་དང་ཆབས་ཅིག་ཏུ་མ་ཉལ་གོང་ལ་ཁ་པར་སོགས་གློག་རྡུལ་ཐོན་རྫས་དང་རིང་དུ་གྱེས་དགོས་ཏེ། འཆར་ཤེལ་གྱི་འོད་ཐིག་དང་ནང་དོན་གྱིས་མིའི་དབང་རྩར་གནོད་པ་ཐེབས་ནས། གཉིད་དཀའ་བ་དང་གཉིད་ཡང་མོར་གྱུར་ཏེ་དུས་ཡུན་རིང་བོར་གཉིད་མི་ཁུག་པའི་གནས་ཚུལ་འབྱུང་སྲིད།
མ་ཉལ་གོང་གི་ཆུ་ཚོད་གཉིས་ཀྱི་སྔུན་ལ་ཟ་མ་ཟོས་ན་ལེགས་ཤིང་། དེ་ལས་ཀྱང་ཕོ་བ་མི་བདེ་བའི་མི་ཚོགས་ཀྱིས་དགོང་ཟས་ཟ་སྐབས་ཚད་དང་རན་ལ་སྣུམ་ཉུང་བའི་རིགས་བཟའ་དགོས། དེ་ལྟར་བྱས་ཏེ་ལུས་པོ་མ་བདེ་བའི་རྐྱེན་གྱིས་གཉིད་ལ་ཤུགས་རྐྱེན་བཟོ་བ་ལས་གཡོལ་དགོས།
གཉིད་ལེགས་པོ་ཞིག་ཁུག་པར་བྱེད་པ་ནི་ཕན་ནུས་ལྡན་པའི་བདེ་ཐང་གི་ཁམས་གསོ་བྱེད་ཐབས་ཤིག་ཡིན། གཉིད་ཀྱི་ཤེས་བྱར་དོ་སྣང་བྱས་ཏེ་རང་ཉིད་ལ་འཚམ་པའི་གཉིད་སྟངས་བདམས་ཏེ། གོམས་གཤིས་བཟང་བོ་ཆགས་པ་དང་གཉིད་འདང་ངེས་ཤིག་ཁུག་པར་ཁག་ཐེག་བྱེད་པ་ནི་རང་ཉིད་ལ་གཅེས་སྐྱོང་བྱེད་པའི་ཐབས་མཆོག་ཡིན།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།