ཆམ་རིམས་ཕོག་ཚད་མཐོ་བའི་དུས་སུ་ཚན་རིག་དང་མཐུན་པའི་སྔོན་འགོག་ཡག་པོ་བྱེད་དགོས།

ཁུངས། ཀློག་གྲངས།

    ཆམ་རིམས་ནི་ནད་དུག་ལས་བྱུང་བའི་དབུགས་ལམ་གྱི་འགོས་ནད་དྲག་པོ་ཞིག་རེད། ཆམ་རིམས་ནད་དུག་ལ་ཀ་པ་དང་ཁ་པ། ག་པ། ང་པ༌བཅས་རིགས་བཞི་ཡོད་པ་དང་། མིག་སྔར་རང་རེའི་རྒྱལ་ཁབ་ཏུ་ཕོག་ཚད་མཐོ་བའི་ཆམ་རིམས་ནད་དུག་ནི་གཙོ་བོ་རིགས་ཀ་པH3N2ཀྱི་ཡན་ལག་གི་རིགས་ཤིག་རེད། ལོ་རེར་ཕོག་ཚད་མཐོ་བའི་ཆམ་རིམས་ནད་དུག་ནི་རིགས་ཀ་པH3N2དང་། རིགས་ཀ་པH1N1གི་ཡན་ལག་དང་ཡང་ན་ཁ་པའི་ཆམ་རིམས་ནད་དུག་བཅས་ལས་རིགས་གཅིག་གམ་དུ་མ་ཞིག་ཡིན་སྲིད་ལ། 

ལོ་རེར་ཁྱབ་ཆེ་བའི་ཆམ་རིམས་ནད་དུག་མི་འདྲ་བ་ནི་ཆམ་རིམས་ཀྱི་རྒྱུན་ལྡན་ཆོས་ཉིད་རེད།

ཆམ་རིམས་ཀ་པ་དང་ཁ་པའི་ཁྱད་པར།

ནད་དུག་གི་རིགས། ཆམ་རིམས་ཀ་པའི་ནད་དུག་ལ་ཡན་ལག་རིགས་མང་པོ་ཡོད་པ་དང་། དེའི་འགོག་རྫས་ལ་འགྱུར་ལྡོག་འབྱུང་ཐེངས་མང་ཞིང་མྱུར་ཚད་མགྱོགས་ལ། འགྱུར་ལྡོག་གི་ནུས་པ་ཆེ། མི་ཚོགས་ཁྲོད་དུས་ཚིགས་རང་བཞིན་གྱིས་ཕོག་ཚད་མཐོ་བ་ནི་ཀ་པH1N1དངH3N2ཡན་ལག་གི་རིགས་རེད། ཡན་ལག་རིགས་གཞན་པ་འགའ་ཞིག་སྲོག་ཆགས་ལའང་འགོ་སྲིད། ཆམ་རིམས་ཁ་པའི་ནད་དུག་གི་དབྱེ་བ་ཅུང་ཉུང་ཞིང་། འགོག་རྫས་འགྱུར་ལྡོག་གི་མྱུར་ཚད་དལ་ལ་འགྱུར་ལྡོག་གི་ནུས་པ་ཞན། དུས་ཚིགས་རང་བཞིན་གྱིས་ཕོག་ཚད་མཐོ་བ་ནི་ཁ་པVictoriaརྒྱུད་ཁོངས་ཡིན་ལ། དེ་གཙོ་བོ་མི་ལ་འགོ་བ་རེད།

ནད་ཐོག་མངོན་ཚུལ། ཆམ་རིམས་ཀ་པའི་ནད་དུག་འགོས་པའི་མངོན་ཚུལ་རྒྱུན་པར་ཅུང་ཚབས་ཆེ་བ་སྟེ། ཚ་རྒྱག་པ་དང་མགོ་ན་བ། ཤ་གནད་ན་བ་སོགས་ལུས་ཡོངས་ལ་ནད་རྟགས་མངོན་གསལ་ཡོད་ཅིང་། ཆམ་རིམས་ཁ་པའི་ནད་དུག་འགོས་པའི་མངོན་ཚུལ་གསལ་པོ་མེད་དེ། ཚ་རྒྱག་ཚད་དང་ལུས་ཡོངས་ཀྱི་ནད་རྟགས་མངོན་གསལ་མིན།

མཉམ་བྱུང་ནད་རྟགས། རྒན་པ་དང་བྱིས་པ། སྦྲུམ་མ། དེ་བཞིན་རྨང་གཞིའི་ནད་གཞི་ཡོད་པའི་མི་ཚོགས་ནི་ཆམ་རིམས་ནད་དུག་འགོས་རྗེས་སྦྲགས་ནད་ཚབས་ཆེན་འབྱུང་ཉེན་ཆེ་བའི་མི་ཚོགས་ཡིན། ཆམ་རིམས་ཀ་པའི་ནད་དུག་འགོས་ནས་སྦྲགས་ནད་ཚབས་ཆེན་འབྱུང་བའི་ཉེན་ཁ་ནི་ཆམ་རིམས་ཁ་པའི་ནད་དུག་འགོ་བ་ལས་མཐོ།

ཁྱབ་གདལ་ཁྱད་ཆོས། ཆམ་རིམས་ཀ་པའི་ནད་དུག་ནི་འཛམ་གླིང་གི་ཁྱབ་ཁོངས་སུ་གཞི་ཁྱོན་ཆེན་པོའི་སྒོ་ནས་ཕོག་སྲིད། ཆམ་རིམས་ཁ་པའི་ནད་དུག་ནི་རྒྱུན་པར་ས་གནས་རང་བཞིན་གྱིས་གློ་བུར་དུ་ཐོན་པའམ་ཡང་ན་ཁྱབ་གདལ་དུ་འགྲོ་བ་ཡིན།

ཐབས་ལམ་གང་དག་གིས་ཆམ་རིམས་སྔོན་འགོག་བྱེད་ཐུབ་པ།

མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་དགོས།

ཁ་ཐུམ་རྒྱག་པ་ནི་དབུགས་ལམ་འགོ་ནད་སྔོན་འགོག་བྱེད་པའི་ནུས་ལྡན་གྱི་ཐབས་ཤེས་ཤིག་རེད། ཆམ་རིམས་ཕོག་ཚད་ཇེ་མཐོར་འགྲོ་བའི་དུས་སུ། སྒེར་རམ་ཡང་ན་ཉེ་འཁོར་གྱི་མི་ལ་ཆམ་རིམས་དང་འདྲ་བའི་ནད་རྟགས་འབྱུང་བའམ་སྨན་བཅོས་ལས་ཁུངས་དང་མི་ཚོགས་འདུ་ཚད་མཐོ་བའི་ས་གནས། རྒན་གསོ་ཁང་། སྤྱི་ཚོགས་ཕན་བདེ་ལས་ཁུངས་བཅས་སུ་འགྲོ་སྐབས་དང་། སྤྱི་སྤྱོད་རླངས་འཁོར་ལ་འདུག་པ་བཅས་ཀྱི་སྐབས་སུ་ཁ་ཐུམ་ཚུལ་ལྡན་གྱིས་རྒྱག་དགོས་པར་མ་ཟད། ལག་པའི་གཙང་སྦྲ་དང་གློ་ལུ་རྒྱག་སྐབས་ཀྱི་སྤྱོད་ཚུལ་ལ་དོ་སྣང་བྱེད་དགོས།

ཆམ་རིམས་ཡོད་མཁན་དང་བར་ཐག་འཇོག་དགོས།

གལ་ཏེ་ཉེ་འཁོར་དུ་ཆམ་རིམས་ཕོག་མཁན་ཡོད་ཚེ། གང་ཐུབ་ཀྱིས་འབྲེལ་འདྲིས་བར་ཐག་སྨི1ཡན་བཞག་སྟེ། བར་ཐག་ཉེ་པོས་འབྲེལ་འདྲིས་བྱེད་པར་གཡོལ་དགོས། ནད་པའི་ཅ་དངོས་ཏེ་བཟའ་ཆས་དང་ལག་ཕྱིས་སོགས་ལ་མི་རེག་པ་དང་། གལ་ཏེ་ངེས་པར་དུ་རེག་དགོས་ཚེ་སྔོན་ལ་དུག་སེལ་བྱེད་དགོས། ནད་པར་ལྟ་སྐྱོང་བྱེད་མཁན་ནི་ནང་མི་ངེས་གཏན་པ་གཅིག་ཡིན་དགོས་པ་དང་། ལྟ་སྐྱོང་བྱེད་མཁན་ནི་རྒན་པའམ་རྨང་གཞིའི་ནད་ཡོད་པའི་མི་སོགས་ཆམ་རིམས་ལྕི་མོ་ཕོག་ཉེན་ཆེ་བའི་མི་ཚོགས་མིན་ན་བཟང་།

བུ་བཅོལ་ཁང་གིས་དོ་དམ་ལ་ཤུགས་སྣོན་དགོས།

བུ་བཅོལ་ཁང་གིས་ཞོགས་པ་དང་ཉིན་གུང་གི་བརྟག་དཔྱད་བཅས་ཀྱི་དོ་དམ་བྱ་བར་ཤུགས་བསྣན་ཏེ། ཚ་བརྒྱབ་ཚེ་དུས་ཐོག་ཏུ་གནང་བ་ཞུས་ཏེ་ཁྱིམ་དུ་ངལ་གསོ་དགོས། ཁྱིམ་བདག་གིས་ལྟ་སྐྱོང་ཡག་པོ་བྱེད་དགོས་པ་དང་། གལ་ཏེ་བྱིས་པའི་ནད་རྟགས་ཚབས་ཆེན་ཡིན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། ཆམ་རིམས་ཡིན་པ་གཏན་ཁེལ་བྱས་རྗེས། སྨན་པའི་ངག་བཞིན་དུས་ཐོག་ཏུ་འགོག་སྲུང་སྨན་རྫས་སྤྱོད་དགོས།

རྒན་གསོ་ལས་ཁུངས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས།

རྒན་གསོ་ལས་ཁུངས་ཀྱིས་བདེ་ཐང་ལྟ་ཞིབ་དང་ཚ་བརྒྱབ་པའི་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། རྒན་པར་ཚ་རྒྱག་པ་དང་གློ་ལུ་བ་སོགས་ཆམ་རིམས་དང་འདྲ་བའི་ནད་རྟགས་ཡོད་ཚེ། དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། ལས་སྒྲུབ་མི་སྣའི་བདེ་ཐང་དོ་དམ་དང་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་དགོས་ལ། ཚ་བརྒྱབ་ཚེ་དུས་ཐོག་ཏུ་ངལ་གསོ་ལེགས་པོ་བྱས་ཏེ། ཁོར་ཡུག་གཙང་སྦྲ་ལེགས་པོ་བྱེད་དགོས་ཤིང་། སྡོད་ཁང་དང་ཟ་ཁང་སོགས་མི་ཚོགས་འདུ་བའི་གནས་སུ་རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་བཅུག་སྟེ། མཁའ་རླུང་འཁོར་རྒྱུག་བྱེད་དུ་འཇུག་དགོས་པར་མ་ཟད། དུས་བཅད་ལྟར་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱེད་དགོས།

ཆམ་རིམས་སྔོན་འགོག་སྨན་ཁབ་རྒྱག་དགོས།

ཆམ་རིམས་སྔོན་འགོག་སྨན་ཁབ་རྒྱག་པ་ནི་ཆམ་རིམས་དང་དེ་ལས་བྱུང་བའི་ནད་ཚབས་ཆེན་སྔོན་འགོག་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་རེད། མི་ཚོགས་ཡོངས་ཀྱིས་སྔ་མོ་ནས་ཆམ་རིམས་སྔོན་འགོག་སྨན་ཁབ་བརྒྱབ་སྟེ། སྒེར་ལ་འགོས་ནད་ཕོག་པ་དང་ནད་ཚབས་ཆེན་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་གཏོང་དགོས།

ཆམ་རིམས་སྔོན་འགོག་སྨན་ཁབ་ཀྱིས་ལོ་ཚད་མི་འདྲ་བའི་མི་ཚོགས་ལ་རིམས་འགོག་ནུས་པ་བཟང་པོ་ཐོན་ཐུབ། སྔོན་ལ་ཁབ་རྒྱག་དགོས་པའི་མི་ཚོགས་ནང་ལོ5མན་གྱི་བྱིས་པ་དང་། ལོ60ཡན་གྱི་རྒན་པ། དབུགས་ལམ་མ་ལག་གི་ནད་པ་དང་། སྙིང་ཁམས་ཁྲག་རྩའི་ནད་པ། མཆིན་པ་དང་མཁལ་མའི་ནུས་པ་མི་བཟང་བ་སོགས་གཞི་རྩའི་ནད་གཞི་ཕོག་པའི་ནད་པ། དེ་བཞིན་ཁོ་ཚོ་དང་འབྲེལ་འདྲིས་མང་བའི་སྨན་དོན་མི་སྣ་དང་ཁྱིམ་མི་བཅས་ཚུད་ཡོད།

དོ་སྣང་བྱེད་དགོས་པ་ཞིག་ནི། ཆམ་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ན་ཉེན་ཁ་ཆེ་བའི་མི་ཚོགས་ལ་འགོས་ནད་ཕོག་པ་དང་ནད་ཚབས་ཆེན་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ་པར་མ་ཟད། ད་དུང་སློབ་གྲྭ་སོགས་མི་ཚོགས་འདུ་བའི་གནས་སུ་འགོས་ནད་འབོར་ཆེན་འབྱུང་བའི་ཉེན་ཁའང་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་ཐུབ།

ད་ལྟའི་དུས་རིམ་དུ་མི་མང་པོ་ཞིག་གིས་སྔོན་འགོག་སྨན་ཁབ་རྒྱག་པའི་དུས་ཚོད་བཟང་ཤོས་ཡོལ་ཟིན་པས་ད་ལྟ་བརྒྱབ་ན་འཕྱི་དྲགས་པར་འདོད་ཀྱིན་ཡོད་མོད། ལྟ་བ་དེ་ནི་ནོར་འཁྲུལ་ཞིག་རེད་དེ། དོན་དངོས་སུ་ཆམ་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ནས་འགོག་གཟུགས་ཆགས་པར་གཟའ་འཁོར2ནས4དགོས་ལ། ཆམ་རིམས་ཕོག་ཚད་མཐོ་བའི་དུས་ཡུན་ནང་སྨན་ཁབ་བརྒྱབ་པས་ཆོག རྒྱུ་མཚན་ནི་འགོག་ཁབ་བརྒྱབ་ནས་གཟའ་འཁོར2ནས4འགོར་རྗེས་འགོག་གཟུགས་ཆགས་ཐུབ་པས། དེས་ཆམ་རིམས་ཕོག་ཚད་མཐོ་བའི་དུས་ཡུན་ཧྲིལ་པོར་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཐུབ།

 རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།