ཚན་རིག་དང་མཐུན་པའི་སྒོ་ནས་བདེ་སྲུང་ཟས་རིགས་ངོས་འཛིན་བྱེད་དགོས།

ཁུངས། ཀློག་གྲངས།

  མི་ཀུན་གྱིས་བདེ་ཐང་དོན་དུ་གཉེར་བའི་དུས་རབས་འདིར། བདེ་སྲུང་ཟས་རིགས་ནི་མི་མང་པོས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད། འོན་ཀྱང་། དེའི་རིགས་མང་ཞིང་དྲིལ་སྒྲོག་རྙོག་འཛིང་ཆེ་བས། འཛད་སྤྱོད་མཁན་

རྣམས་ནོར་འཁྲུལ་གྱི་ལམ་དུ་ཞུགས་སླ། དེར་བརྟེན་ལུགས་མཐུན་གྱིས་ངོས་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་འདེམས་སྤྱོད་བྱེད་སྟངས་ཤེས་ན། བདེ་སྲུང་ཟས་རིགས་ཀྱིས་གཞི་ནས་བདེ་ཐང་ལ་ཞབས་འདེགས་ཞུ་ཐུབ།

དང་པོ། བདེ་སྲུང་ཟས་རིགས་ལ་ལུགས་མཐུན་གྱི་ལྟ་བ་འཛིན་དགོས།

བདེ་སྲུང་ཟས་རིགས་ལ་ཐུན་མོང་མ་ཡིན་པའིཐོབ་ཐང་གི་དབྱེ་མཚམསཡོད། བཟའ་བཅའ་ཡི་ངོས་ནས་བཤད་ན། སྤྱིར་བཏང་གི་བཟའ་བཅའ་ནི་གཙོ་བོ་འཚོ་བཅུད་མཁོ་འདོན་དང་བྲོ་བ་སྐོང་བྱེད་ཡིན་ཏེ། དཔེར་ན་འབྲས་ཀྱིས་ཐཱན་ཆུ་འདྲེས་འགྱུར་རྫས་མཁོ་འདོན་བྱེད་པ་དང་། སིལ་ཏོག་གིས་འཚོ་རྒྱུ་ཁ་གསབ་བྱེད་པ་ལྟ་བུ་རེད། བདེ་སྲུང་ཟས་རིགས་ལ་དམིགས་བསལ་གྱི་བདེ་སྲུང་ནུས་པ་ཡོད་པས། དམིགས་བསལ་གྱི་མི་ཚོགས་ལ་ཧ་ཅང་འཚམ། དཔེར་ན། རིམས་འགོག་ནུས་པ་ཞན་པའི་མི་ཚོགས་ལ་དམིགས་པའི་ཤ་མོའི་རིགས་ཀྱི་བདེ་སྲུང་ཟས་རིགས་ཀྱིས་རྒྱུ་ལམ་གྱི་ཕྲ་ཕུང་ཚོགས་པ་སྙོམ་སྒྲིག་བྱེད་པ་དང་རིམས་འགོག་ནུས་པ་ཆེ་རུ་གཏོང་ཐུབ་པས། བདེ་ཐང་གི་མི་ཚོགས་ཀྱིས་ཆེད་དུ་བཟའ་མི་དགོས། སྨན་རྫས་ཀྱི་ངོས་ནས་བཤད་ན། སྨན་རྫས་ནི་ནད་གཞི་སྔོན་འགོག་དང་། བཅོས་སྐྱོང་། བརྟག་དཔྱད་བཅས་ལ་སྤྱོད་པ་ཡིན་ཞིང་། ཁ་གསལ་བའི་འཕྲོད་སྟངས་དང་སྤྱོད་སྟངས་ཡོད། འོན་ཀྱང་བདེ་སྲུང་ཟས་རིགས་ཀྱིས་སྨན་རྫས་ཀྱི་ཚབ་བྱས་ཏེ་ནད་བཅོས་བྱེད་མི་ཐུབ། ཁྲག་ཤེད་མཐོ་བའི་བཅོས་ཐབས་ལ་དཔེར་ན། གལ་ཏེ་ཁྲག་ཤེད་གཅོག་པར་ཕན་པའི་བདེ་སྲུང་ཟས་རིགས་ཀྱིས་ཁྲག་ཤེད་གཅོག་སྨན་གྱི་ཚབ་བྱས་ན། ཁྲག་ཤེད་ཚད་ལས་བརྒལ་བར་གྱུར་ནས་སྙིང་དང་ཀླད་པའི་ཁྲག་རྩའི་ནད་གཞི་ཚབས་ཆེན་འབྱུང་སླ།

གཉིས་པ། བདེ་སྲུང་ཟས་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཤེས་དགོས།

བདེ་སྲུང་ཟས་རིགས་ཀྱི་དམིགས་ཡུལ་ནི་ལུས་ཕུང་གི་ནུས་པ་སྙོམ་སྒྲིག་བྱེད་པ་དེ་ཡིན་ཞིང་། དམིགས་བསལ་མི་ཚོགས་ཀྱི་ལུས་ཁམས་གནས་བབ་ལེགས་བཅོས་བྱེད་ཐུབ། དེའི་ཁྱད་ཆོས་ནི་ནུས་པ་འཇམ་པོ་ཡིན་པས་དུས་ཡུན་རིང་པོར་བཟའ་དགོས། དཔེར་ན། དུས་རྒྱུན་མཚན་འཁྱོངས་བྱེད་པ་དང་ངལ་གསོ་བྱེད་སྟངས་ལུགས་མཐུན་མིན་པའི་རྐྱེན་གྱིས་རིམས་འགོག་ནུས་པ་དམའ་བའི་མི་ཚོགས་ལ་མཚོན་ན། མངར་ཆ་སོགས་འདུས་པའི་བདེ་སྲུང་ཟས་རིགས་ཟོས་ན། ཚད་ངེས་ཅན་ཞིག་གི་ཐོག་ནས་རིམས་འགོག་ནུས་པ་སྙོམ་སྒྲིག་བྱེད་ཐུབ་མོད། འོན་ཀྱང་ཟླ་བ་འགའ་ཤས་ལ་བསྟུད་མར་ཟོས་ན་ད་གཟོད་མངོན་གསལ་གྱི་ཕན་འབྲས་ཐོན་སྲིད། ཡང་དཔེར་ན། མིག་བཀོལ་ཚད་དྲགས་པའི་ལས་བཟོ་པར་མཚོན་ན། ལོ་མའི་སེར་རྒྱུ་སོགས་འདུས་པའི་བདེ་སྲུང་ཟས་རིགས་ནི་མིག་གི་ངལ་དུབ་སེལ་བར་ཕན་མོད། འོན་ཀྱང་འདིས་ཚན་རིག་དང་མཐུན་པའི་ངལ་གསོ་སྟངས་ཀྱི་ཚབ་བྱེད་མི་ཐུབ།

གསུམ་པ།  རྒྱུན་མཐོང་གི་ནོར་འཁྲུལ་ངོས་འཛིན་ལ་དོགས་ཟོན་བྱེད་དགོས།

དུས་རྒྱུན་གྱི་འཚོ་བའི་ཁྲོད། མི་ཚང་མས་བདེ་སྲུང་ཟས་རིགས་ལ་ནོར་འཁྲུལ་གྱི་ལྟ་བ་འཛིན་སླ་སྟེ། ལ་ལས་བདེ་སྲུང་ཟས་རིགས་ནི་གྲུབ་ཐོབ་ཀྱི་སྨན་མཆོག་ཅིག་ཏུ་བརྩིས་ནས་ནད་གཞི་ཡོད་ཚད་བཅའ་ཐུབ་པར་ཡིད་ཆེས་བྱེད། ལྷག་པར་དུ་ད་ལྟ་ཚང་མ་གསལ་ཆ་ཡོད་པའི་གཅིན་སྙི་ཟ་ཁུའི་ནད་པས་དེའི་རིགས་བདེན་པར་སྣང་ནས་མངར་གཅོག་སྨན་གྱི་འཐུང་མཚམས་བཞག་སྟེ།  ཁྲག་ཧྭགས་འཕེལ་ནས་ནད་རྟགས་ཚབས་ཆེན་བྱུང་བ་རེད། ཡང་ལ་ལས་བདེ་སྲུང་ཟས་རིགས་ནི་རྒྱུན་ཟས་ལྟར་གང་འདོད་དུ་ཟ་བཞིན་ཡོད། དཔེར་ན། ཕ་མ་ལ་ལས་བྱིས་པའི་གཟུགས་སྐྱེ་ཆེད་ཀལ་དང་འཚོ་རྒྱུDའདུས་པའི་བདེ་སྲུང་ཟས་རིགས་ཚད་ལས་བརྒལ་བ་འཐུང་དུ་བཅུག་པས། འཚར་ལོངས་ལ་གནོད་པ་བཟོ་བའང་ཡོད།

བཞི་བ།  བདེ་སྲུང་ཟས་རིགས་ལེགས་པོར་འདེམ་རྒྱུ་ནི་གནད་འགག་ཡིན།

གཅིག  དགོས་མཁོར་བལྟས་ནས་འདེམ་པ།

བདེ་སྲུང་ཟས་རིགས་མ་ཟོས་པའི་སྔོན་དུ། རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། དངོས་ཡོད་ཀྱི་དགོས་མཁོར་གཞིགས་ནས་འདེམ་དགོས། གལ་ཏེ་ཉིན་རེའི་བཟའ་བཏུང་འཚོ་བཅུད་སྙོམས་ཤིང་ལུས་པོ་བདེ་ཐང་ཡིན་ལ། དམིགས་བསལ་གྱི་འཚོ་བཅུད་མཁོ་འདོན་བྱེད་མི་དགོས་ན། སྤྱིར་བཏང་དུ་བདེ་སྲུང་ཟས་རིགས་བཟའ་མི་དགོས། དཔེར་ན། བཟའ་བཏུང་ཕུན་སུམ་ཚོགས་ཤིང་། ཉིན་རེར་འབྲུ་རིགས་དང་ཤ་རིགས། སྔོ་ཚོད། སིལ་ཏོག་སོགས་བཟའ་བཅའ་སྣ་ཚོགས་ཟ་བཞིན་པའི་གཞོན་ནུ་རྣམས་ཀྱི་ལུས་ཕུང་གི་སྟོན་གྲངས་ཚད་ལྡན་ཡིན་ན། གཞན་གྱི་རྗེས་འབྲངས་ནས་བདེ་སྲུང་ཟས་རིགས་སྣ་ཚོགས་བཟའ་མི་དགོས། འོན་ཀྱང་། གལ་ཏེ་འཚོ་བཅུད་མི་འདང་བའམ་ཡང་ན་ལུས་ཁམས་ཀྱི་དམིགས་བསལ་དགོས་མཁོ་ཡོད་ཚེ། དམིགས་བསལ་རང་བཞིན་ལྡན་པའི་སྒོ་ནས་གདམ་གསེས་བྱེད་ཆོག དཔེར་ན། བུད་མེད་ལ་མངལ་སྦྲུམ་པའི་སྐབས་སུ་ལོ་མའི་སྐྱུར་རྫས་ཀྱི་དགོས་མཁོ་ཧ་ཅང་ཆེ་ཞིང་། ལོ་མའི་སྐྱུར་རྫས་མ་འདང་ན་སྦྲུམ་བུའི་དབང་རྩའི་སྦུ་གུ་ཡ་མ་གཟུགས་སུ་འགྱུར་སླ་བས། སྐབས་དེར་ལོ་མའི་སྐྱུར་རྫས་འདུས་པའི་བདེ་སྲུང་ཟས་རིགས་བཟའ་དགོས། རྒན་པ་རྣམས་ལ་ཀལ་ཤོར་སླ་བས་རུས་སོབ་ནད་ཕོག་སླ། དེ་ལ་སྨན་པའི་ངག་བཀོད་ལྟར་ཀལ་ཁ་གསབ་བྱེད་པའི་བདེ་སྲུང་ཟས་རིགས་འོས་འཚམ་འདེམས་ཆོག

གཉིས།  ཐོབ་ཐང་ལ་བལྟས་ནས་བདེ་འཇགས་འགན་ལེན་བྱེད་དགོས།

ཞྭ་མོ་སྔོན་པོརྟགས་ཅན་ནི་བདེ་སྲུང་ཟས་རིགས་ཉོ་བའི་གནད་འགག་ཡིན། ཞྭ་མོ་སྔོན་པོནི་བདེ་སྲུང་ཟས་རིགས་ཀྱི་ཆེད་སྤྱོད་མཚོན་རྟགས་ཡིན་ཞིང་། དེའི་འོག་ཏུ་ཆོག་མཆན་ཨང་གྲངས་བཀོད་ཡོད་པས། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སྲིད་དོན་ཞབས་ཞུའི་སྟེགས་བུ་བརྒྱུད་དེ་བདེན་རྫུན་བརྟག་དཔྱད་བྱས་ཆོག བདེ་སྲུང་ཟས་རིགས་ཉོ་སྐབས། ཚོང་ར་ཆེན་པོ་དང་སྨན་རྫས་ཚོང་ཁང་སོགས་ཚད་ལྡན་གྱི་ཐབས་ལམ་འདེམས་དགོས། ཉོ་སྐབས་ཐོན་རྫས་ཀྱི་གསལ་བཤད་ཡི་གེར་ཞིབ་ཏུ་བལྟ་དགོས་པར་མ་ཟད། དེར་འཚམ་པའི་མི་ཚོགས་དང་མི་འཚམ་པའི་མི་ཚོགས། ནུས་པའི་གྲུབ་ཆ་བཅས་ལ་དོ་སྣང་བྱེད་དགོས། དཔེར་ན། གཉིད་ཁུག་པར་ཕན་པའི་བདེ་སྲུང་ཟས་རིགས་ནི་ནར་མ་སོན་པའི་བྱིས་པ་དང་། སྦྲུམ་མ། ནུ་མ་སྣུན་བཞིན་པའི་བུད་མེད་བཅས་ཀྱིས་བཟའ་མི་རུང་།

གསུམ། རྩ་དོན་བསྲུངས་ནས་ལུགས་མཐུན་གྱིས་བཟའ་དགོས།

བདེ་སྲུང་ཟས་རིགས་ཀྱིས་ལུགས་མཐུན་གྱི་བཟའ་བཅའ་དང་བདེ་ཐང་གི་འཚོ་བ་རོལ་སྟངས་ཀྱི་ཚབ་བྱེད་མི་ཐུབ་པ་ནི་ངེས་པར་ཤེས་དགོས་པའི་རྩ་དོན་གལ་ཆེན་ཞིག་རེད། བདེ་སྲུང་ཟས་རིགས་ཀྱི་ནུས་པ་ཇི་ལྟར་དྲིལ་སྒྲོག་བྱས་ཀྱང་། དེ་དག་བདེ་ཐང་གི་བཟའ་བཅའ་དང་འཚོ་བའི་གོམས་གཤིས་ལ་སྣང་ཆུང་བྱེད་པའི་ཁ་གཡོར་ས་ཞིག་ཏུ་འགྱུར་མི་ཐུབ། ཚང་མས་བདེ་སྲུང་ཟས་རིགས་མ་ཟོས་གོང་དང་། ལྷག་པར་དུ་ནད་གཞི་ཕོག་པའི་མི་ཚོགས་སམ་སྨན་གཞན་འཐུང་བཞིན་པའི་མི་ཚོགས་ཀྱིས་སྨན་པ་དང་ཆེད་ལས་མི་སྣར་བློ་འདྲི་དགོས། དེ་ལྟར་མ་བྱས་ཚེ་སྨན་གྱི་ནུས་པར་གནོད་པ་ཐེབས་ནས་ཉེན་ཁ་ཆེ་རུ་གཏོང་སྲིད། དུས་མཚུངས་སུ། ཐོན་རྫས་གསལ་བཤད་ཡི་གེའི་ནང་གི་སྤྱོད་ཚད་ལྟར་ཟ་དགོས་པ་ལས་ཚད་ལས་བརྒལ་མི་རུང་། དཔེར་ན། འཚོ་རྒྱུAའདུས་པའི་བདེ་སྲུང་ཟས་རིགས་ཚད་ལས་བརྒལ་བར་ཟོས་ན། འཚོ་རྒྱུAཡི་དུག་ཕོག་ནས་མགོ་ཡུ་འཁོར་བ་དང་སྐྱུག་པ། ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།

བདེ་སྲུང་ཟས་རིགས་ནི་བདེ་ཐང་དོ་དམ་གྱི་རོགས་འདེགས་ཐབས་ལམ་ཞིག་ཡིན། དེར་ལུགས་མཐུན་གྱི་ལྟ་སྟངས་འཛིན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འདེམ་སྤྱོད་བྱས་ན། གཞི་ནས་བདེ་ཐང་སྲུང་སྐྱོབ་བྱེད་ཐུབ། བདེ་ཐང་དོ་དམ་གྱི་བརྒྱུད་རིམ་ཁྲོད། ཀུན་གྱིས་ཚན་རིག་དང་མཐུན་ཞིང་དང་གཟབ་ནན་གྱིས་སྤུས་ཚད་མཐོ་བའི་བདེ་ཐང་གི་འཚོ་བ་རོལ་དགོས། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།