ཧྥུལ་འདུས་ཚད་དམའ་བའི་ཚད་ལྡན་གྱི་ཇ་ཉོ་བ། 

ཁུངས། ཀློག་གྲངས།

ཇ་ནི་ང་ཚོ་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་འབྲལ་ཐབས་མེད་པའི་བཏུང་བྱ་ཞིག་ཡིན་མོད། ཡིན་ཡང་ཚད་ལྡན་མིན་ལ་ཧྥུལ་གྱི་འདུས་ཚད་མཐོ་བའི་ཇ་ཡུན་རིང་པོར་འཐུང་ན་ལུས་ཕུང་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་ཀྱིན་ཡོད་པ་ཀུན་གྱིས་དོ་སྣང་བྱེད་ཀྱིན་མེད།  དེ་བས་ཧྥུལ་འདུས་ཚད་དམའ་བའི་ཚད་ལྡན་གྱི་ཇ་ཁྱབ་གདལ་དུ་བཏང་སྟེ་རྒྱ་ཆེའི་འཛད་སྤྱོད་པའི་བདེ་ཐང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་མི་གནོད་པར་བྱས་ཏེ་ཇའི་བྲོ་བ་མྱོང་དགོས།

དང་པོ།    ཡུན་རིང་བོར་ཧྥུལ་འདུས་ཚད་མཐོ་བའི་ཇ་འཐུང་ན་ལུས་ཕུང་བདེ་ཐང་ལ་གནོད་པ་གང་དག་ཡོད་པ།

ཡུན་རིང་ལ་ཧྥུལ་འདུས་ཚད་མཐོ་བའི་ཇ་འཐུང་ན་བཏུང་ཇའི་རིགས་ཀྱི་ཧྥུལ་ནད་འབྱུང་སྲིད་ལ།  འདི་ནི་རྒྱུན་མཐོང་གི་ས་གནས་རང་བཞིན་གྱི་ནད་རིགས་ཤིག་ཡིན།  ནད་འདིའི་རིགས་ཀྱིས་མིའི་ལུས་ཕུང་ལ་ཕྱོགས་གཉིས་ནས་གནོད་སྲིད། 

གཅིག་ནི་སོ་ལ་གནོད་པ། སོ་སེར་པོར་འགྱུར་བ་དང་སོ་ལ་ཁྲ་ཐིག་ཤོར་བ།  སོ་ལྷུང་བ།  སོ་སྤུས་ཞན་པ་སོགས་བྱིས་པ་དང་དར་མ་རྣམས་ཀྱིས་ཟས་ཟ་མི་ཐུབ་པ་སོགས་ཀྱི་གནོད་པ་འབྱུང་སྲིད།

གཉིས་ནི་རུས་པར་གནོད་པ།  རྐེད་པ་དང་རྐང་བ་ན་བ། ཚིགས་རེངས་པོར་འགྱུར་བ། རྐང་ལག་སྦྲིད་པ། རྐེད་པ་སྒུར་བ། ཚབས་ཆེ་ན་འགུལ་སྐྱོད་མི་ཐུབ་པའི་སྣང་ཚུལ་ཡང་འབྱུང་སྲིད་པས་འཚོ་བར་ཤུགས་རྐྱེན་ཐེབས་སྲིད། 

གཉིས་པ།  ཧྥུལ་འདུས་ཚད་དམའ་བའི་ཚད་ལྡན་གྱི་ཇ་ཅི་ལྟ་བུ་ཞིག་ཡིན་པ། 

ཧྥུལ་འདུས་ཚད་དམའ་བའི་ཚད་ལྡན་གྱི་ཇ་ནི་རྒྱལ་ཁབ་ཀྱིས་ཁྱབ་གདལ་གཏོང་བཞིན་པའི་བདེ་ཐང་གི་ཇ་ཡིན། རྒྱལ་ཁབ་རིམ་པའི༼ཇ་བག་གི་ཧྥུལ་འདུས་ཚད༽GB19965-2005ནང་གཏན་འབེབས་བྱས་པའི་ཇ་བག་སྤྱི་རྒྱ་རེར་ཧྥུལ་འདུས་ཚད300mgལས་མི་བརྒལ་བའི་ཚད་ལྡན་གྱི་ཇ་ཡིན།

དེའི་ཁྱད་ཆོས་དང་པོ་ནི་ཇའི་བྲོ་བ་མི་འགྱུར་བ་དང་སྲོལ་རྒྱུན་གྱི་བཟོ་རྩལ་སྤྱད་དེ་ཡུན་རིང་བསྐོལ་ཐུབ་པ།  འཐུང་ན་ཕོ་ཁ་དྲོ་བ་དང་ཟས་འཇུ་བར་ཕན་པ་བཅས་ཀྱི་ཁྱད་ཆོས་སོར་འཇོག་བྱས་པའི་རྨང་གཞིའི་སྟེང་ང་ཚོ་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་མཐུན་པར་བྱས་ཡོད།

ཁྱད་ཆོས་གཉིས་པ་ནི་བདེ་ཐང་ལ་མི་གནོད་པ། ཧྥུལ་འདུས་ཚད་དམའ་བའི་ཇ་ལོའི་རྒྱུ་ཆ་ལེགས་འདེམས་བྱེད་པ་དང་ཐོན་སྐྱེད་བཟོ་རྩལ་ཇེ་ལེགས་སུ་གཏོང་བ། འབྱུང་རྩ་ནས་ཧྥུལ་འདུས་ཚད་ཇེ་ཉུང་དུ་གཏོང་བ།  དུས་ཡུནརིང་པོར་འཐུང་ན་ལུས་ཕུང་ལ་གནོད་འཚེ་མི་གཏོང་བ་སོགས་ཀྱི་ཡུན་རིང་བོར་ཇ་འཐུང་མཁན་ཚང་མར་འཚམ་པར་བྱས་ཡོད།

གསུམ་པ། ཧྥུལ་འདུས་ཚད་དམའ་བའི་ཚད་ལྡན་གྱི་ཇ་ཇི་ལྟར་ཉོ་བ།

༡  མཚོན་རྟགས་ལ་བལྟ་བ།  ཐུམ་སྒྲིལ་གྱི་ཤོག་བྱང་ལ་བལྟ་དགོས། ཧྥུལ་འདུས་ཚད་དམའ་བའི་ཇ་དང་རྒྱལ་ཁབ་ཀྱི་ཚད་གཞི་GB19965-2005ལག་བསྟར་བྱས་ཡོད་པའི་ཧྥུལ་འདུས་ཚད་སྤྱི་རྒྱ་རེར300mgལས་དམའ་བའི་ཚད་ལྡན་ཐོན་རྫས་ཡིན་དགོས།

༢  ཚད་ལྡན་གྱི་ཚོང་ལམ་ནས་ཉོ་བ།  ཚད་ལྡན་གྱི་ཚོང་ཁང་དང་དམངས་ཕན་ཞབས་ཞུ་ས་ཚིགས་བཅས་ནས་ཉོ་དགོས་པ་ལས། ཐུམ་སྒྲིལ་མེད་པ་དང་མཚོན་རྟགས་མེད་པ།  ཡོངས་ཁུངས་གསལ་བོ་མིན་པ་བཅས་ཀྱི་ཚད་ལྡན་མིན་པའི་ཇ་ཉོ་མི་རུང་།

༣  ཇ་རྙིང་བ་དང་སྤུས་ཀ་ཞན་པའི་ཇ་མི་ཉོ་བ།  དུས་ལས་ཡོལ་བ་དང་ཧྥུལ་མཐོ་བའི་ཇ་བཅས་མི་ཉོ་བ་དང་།  དུས་ཡིན་རིང་པོར་ཚད་ལྡན་མིན་པའི་ཇ་འཐུང་མི་རུང་། 

བཞི་བ།  ཚན་རིག་དང་མཐུན་པའི་སྒོ་ནས་ཇ་འཐུང་དགོས། 

༡ ཧྥུལ་འདུས་ཚད་དམའ་བའི་ཇ་འཐུང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  དུས་རྒྱུན་ཇ་སྐོལ་སྐབས་ཚད་ལྡན་གྱི་ཧྥུལ་འདུས་ཚད་དམའ་བའི་ཇ་འཐུང་དགོས།

༢ ཇ་ལོ་མང་པོ་སྦངས་ནས་མི་འཐུང་བ།  ཇ་ལོ་མང་པོ་སྦངས་ན་ཧྥུལ་གྱི་འདུས་ཚད་དེ་དང་བསྟུན་ནས་ཇེ་མང་དུ་འགྲོ་སྲིད་པས། དུས་རྒྱུན་འོས་འཚམ་གྱིས་ཇ་འཐུང་ན་བདེ་ཐང་ལ་ཧ་ཅང་ཕན།

༣ ཇ་ཡང་དག་པར་བཀྲུ་བ།  རབ་ཡིན་ན་ཇ་མ་བསྐོལ་བའི་སྔོན་ལ་ཆུ་ཁོལ་གྱིས་ཇ་བཀྲུ་དགོས།  དེ་ལྟར་བྱས་ན་ཇའི་ནང་གི་ལྷད་རྫས་དང་ཧྥུལ་གྱི་འདུས་ཚད་ཇེ་ཉུང་དུ་གཏོང་ཐུབ། 

༤ བཟའ་བཏུང་དོ་མཉམ་ཡོང་བར་བྱེད་པ།  རྒྱུན་དུ་ཆུ་ཁོལ་མང་པོ་འཐུང་བ་དང་། ཤ་དང་འོ་མ། སྔོ་ཚལ། ཤིང་ཏོག་སོགས་སྡེབ་ནས་འཚོ་བཅུད་དོ་མཉམ་ཡོང་བར་བྱེད་དགོས།

ལྔ་པ།  ཧྥུལ་འདུས་ཚད་དམའ་བའི་ཇ་འཐུང་ནས་ཁྱིམ་མིའི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས།

མདོར་བསྡུས་ན་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་འགུལ་ངང་ཧྥུལ་འདུས་ཚད་ཉུང་བའི་ཇ་འཐུང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་ཡིན་པས།  རང་ཉིད་ཀྱི་ལུས་པོའི་བདེ་ཐང་ལ་མི་གནོད་པའི་ཇ་འཐུང་རྒྱུ་ཧ་ཅང་གལ་ཆེའོ།།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།