
འགྲོ་བ་མིར་མཚོན་ན་མི་ཚེའི་སུམ་ཆའི་གཅིག་གི་དུས་ཡུན་གཉིད་ནས་འདའ་བཞིན་ཡོད་ཅིང་།གཉིད་ལོག་པ་ལེགས་མིན་ནི་ཐད་ཀར་ང་ཚོའི་བསམ་པའི་འཁྱེར་ཕྱོགས་དང་བྱ་བའི་ལས་ཕྱོད། ལུས་སེམས་བདེ་ཐང་བཅས་ལ་འབྲེལ་ཡོད། དུས་ཡུན་རིང་བོར་གཉིད་ལོག་པ་ལེགས་པོ་མིན་ཚེ། ཚབས་ཆུང་ན་སེམས་ཁྲལ་བྱེད་པ་དང་ངལ་དུབ་འབྱུང་ཞིང་། ཚབས་ཆེ་ན་ཀླད་སྙིང་ཁྲག་རྩའི་ནད་སོགས་བསྐྱེད་དེ་བདེ་ཐང་ལ་ཉེན་ཁ་བཟོ་སྲིད། གཉིད་ལེགས་པོ་ཡོང་རྒྱུ་ནི་བདེ་ཐང་སྲུང་སྐྱོབ་བྱེད་པའི་རྨང་གཞི་ཡིན།
མི་ཚོགས་མི་འདྲ་བར་འཚམ་པའི་ཉལ་སྟངས་གང་དག་ཡོད།
རྒྱུན་མཐོང་གི་ཉལ་སྟངས་ལ་གཙོ་བོ་ཕྱི་གན་དུ་ཉལ་བ་དང་། གཡས་ཟུར་དུ་ཉལ་བ། གཡོན་ཟུར་དུ་ཉལ་བ། ཁ་སྦུབ་ཏུ་ཉལ་བ་བཅས་རིགས་བཞི་ཡོད། ཉལ་སྟངས་མི་གཅིག་པ་དེ་མི་སོ་སོར་འཚམ་པའི་གནས་ཚུལ་ཡང་མི་འདྲ་བས། རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་གདམ་དགོས།
1.སྤྱིར་བཏང་གི་མི་ཚོགས། ཕྱི་གན་དུ་ཉལ་བ་ནི་མི་མང་ཆེ་བར་འཚམ་ཞིང་། དེ་ལྟར་ཉལ་ན་ལུས་ཡོངས་ཀྱི་ཤ་རྒོད་ལྷོད་ཐུབ་པས། གཉིད་ཀྱི་སྤུས་ཚད་མཐོར འདེགས་གཏོང་ཐུབ།
2.ཕོ་མིད་ལྡོག་རྒྱུག་གི་ནད་པ། ཉལ་དུས་ལུས་སྟོད་ལ་དངོས་པོ་བཞག་ནས་ལི་སྨི10ཙམ་མཐོ་རུ་བཏང་ཆོག
3.སྔུར་བ་འཐེན་པ་དང་ལྕེ་རྩ་རྒྱབ་ཏུ་འཕྱང་བའམ་དབུགས་འབྱིན་རྔུབ་མཚམས་རེར་ཆད་པ་བཅས་ཀྱི་གནས་ཚུལ་ཡོད་པའི་མི་ཚོགས། གཡས་ཟུར་དུ་ཉལ་ན་ཤིན་ཏུ་འཚམ་ཞིང་། དུས་མཚུངས་སུ་ལྡོག་རྒྱུག་དང་སྔུར་བ་འཐེན་པའི་གནད་དོན་ཡོད་ན་གཡོན་ཟུར་དུ་ཉལ་ཡང་ཆོག
4.སྐེ་ཚིགས་ན་བའི་ནད་པ། སྔོན་ལ་ཕྱི་གན་དུ་ཉལ་ནས་སྐེ་འོག་ཏུ་སྔས་མགོ་འཇོག་དགོས། གལ་ཏེ་དབང་རྩ་མནན་པ་དང་ལག་པར་འགྱེད་འཕྲོ་རང་བཞིན་གྱི་ན་ཟུག་ཡོད་ཚེ། གཉིད་པའི་སྐབས་སུ་མི་བདེ་བའི་ཕྱོགས་ཀྱི་ལག་པ་ཡར་བཀྱགས་ན་མི་བདེ་བ་ཇེ་ལྷོད་དུ་གཏོང་བར་ཕན།
5.སྐེད་ཚིགས་མཁར་མཚམས་འབུར་ཐོན་གྱི་ནད་པ། ཆུ་རྩ་སྦུ་གུ་ཅན་གྱི་ན་ཟུག་མེད་པའི་སྐབས་སུ་ཕྱི་གན་དུ་ཉལ་འོས་ཤིང་། གལ་ཏེ་རྐང་བར་འགྱེད་འཕྲོའི་ན་ཟུག་ཡོད་ཚེ་གཞོགས་ཟུར་དུ་ཉལ་ཏེ་ན་ཟུག་ཡོད་པའི་རྐང་བ་སྟེང་དུ་བཞག་ནས། རྐྱོང་བསྐུམ་འོས་འཚམ་བྱས་ཏེ་ཇེ་བདེ་རུ་བཏང་ཆོག
6.སྦྲུམ་མ། མངལ་སྦྲུམ་པའི་དུས་མགོར(གཟའ་འཁོར12ནང)ཕྱི་གན་དུ་ཉལ་བ་དང་ཟུར་ཉལ་བྱས་ཆོག མངལ་སྦྲུམ་པའི་དུས་དཀྱིལ(གཟའ་འཁོར13ནས27)དུ་གཡས་གཡོན་གཞོགས་གཉིས་སུ་རེས་མོས་ཀྱིས་ཉལ་ཆོག མངལ་སྦྲུམ་པའི་དུས་མཇུག(གཟའ་འཁོར28ཀྱི་རྗེས)ཏུ་གཡོན་ཟུར་དུ་ཉལ་ན་ལེགས་ཤིང་། བུ་སྣོད་ཀྱིས་ཁོག་སྨད་སྡོད་རྩར་བཟོས་པའི་གནོན་ཤུགས་ཇེ་ཆུང་དུ་བཏང་སྟེ་ཁྲག་གི་འཁོར་རྒྱུག་ལེགས་བཅོས་གཏོང་ཐུབ།
ཉལ་སྟངས་མི་ལེགས་པ།
ཁ་སྦུབ་ཏུ་ཉལ་ན་གནས་སྐབས་སུ་སྔུར་བ་འཐེན་པ་ཇེ་ཆུང་དུ་གཏོང་ཐུབ་མོད། འོན་ཀྱང་ལུས་ཀྱི་བྲང་གསུས་ཁོག་གི་གནོན་ཤུགས་ཇེ་ཆེར་འགྲོ་བ་དང་དབུགས་ཀྱི་འབྱིན་རྔུབ་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། སྐེ་ཚིགས་འཁྱོག་པ་དང་ཐ་ན་མིག་གི་གནོན་ཤུགས་ཀྱང་ཇེ་ཆེར་འགྲོ་བས་དུས་ཡུན་རིང་པོར་དེ་ལྟར་ཉལ་ན་བདེ་ཐང་ལ་གནོད་སྲིད།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།