མཁལ་མ་མི་བཟང་ན་མིག་གི་མཐོང་བྱེད་དྲ་སྐྱི་ཇེ་སྲབ་ཏུ་འགྱུར་ངེས།

ཁུངས། ཀློག་གྲངས།

 སྤྱིར་བཏང་དུ་མཁལ་མ་དང་མིག་གཉིས་ལ་འབྲེལ་བ་མེད་པ་ལྟར་སྣང་ཡང་། ཉེ་ལམ་གསར་དུ་སྤེལ་བའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། མིག་ལ་བཤེར་འབེབས་བརྟག་དཔྱད་བྱས་པའི་མཇུག་འབྲས་ཀྱིས་མཁལ་མ་བདེ་ཐང་ཡིན་མིན་གྱི་ཆ་འཕྲིན་གལ་ཆེན་གསལ་རྟོགས་ཐུབ་པ་དང་། མཁལ་མར་གནད་དོན་བྱུང་ཚེ་མིག་གི་མཐོང་བྱེད་དྲ་སྐྱི་ཇེ་སྲབ་ཏུ་འགྱུར་ངེས་རེད། 

   དབྱིན་ཇིའི་ཨེ་ཏིང་པའོ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་མཁལ་མའི་ནད་ཅན204དང་བདེ་ཐང་གི་རང་འདུན་པ86གི་མཐོང་བྱེད་དྲ་སྐྱིའི3Dཔར་རིས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མཐོང་བྱེད་དྲ་སྐྱིའི་འགྱུར་ལྡོག་གིས་མཁལ་མའི་ནད་བྱུང་ཡོད་མེད་དང་མཁལ་མའི་ནད་བྱུང་བའི་གོ་རིམ་ལ་སྔོན་དཔག་དང་གསལ་འབྱེད་བྱེད་ཐུབ་མིན་ཚོད་ལྟ་བྱས། མཐོང་བྱེད་དྲ་སྐྱིའི3Dཔར་རིས་འདི་དག་ནི་འོད་རིག་པའི་འབྲེལ་ཡོད་རིམ་ཆད་བཤེར་འབེབས་ལག་རྩལ་སྤྱད་དེ་བླངས་པ་ཡིན་ཞིང་། ཚོད་ལྟར་ཞུགས་མཁན་གྱི་མཁལ་མའི་ནད་ཅན་རྣམས་ཀྱང་ནད་བབ་མི་འདྲ་བ་ཤ་སྟག་ཡིན་ལ་ཁོ་ཚོའི་ཁྲོད་དུ་མཁལ་མ་བརྗེས་པའི་ནད་པའང་ཡོད།  མཐར་དབྱེ་ཞིབ་ཀྱི་མཇུག་འབྲས་ལས་མངོན་པ་ལྟར་ན། བདེ་ཐང་གི་རང་འདུན་པ་དང་བསྡུར་ན། དལ་གཤིས་མཁལ་ནད་ཅན་གྱི་མཐོང་བྱེད་དྲ་སྐྱི་སྲབ་པ་དང་། ཚོད་ལྟར་ཞུགས་པའི་ནད་པ་རྣམས་ཀྱི་མཐོང་བྱེད་དྲ་སྐྱའི་སྲབ་མཐུག་ནི་མཁལ་མའི་ནུས་པ་ཇེ་ཞན་དུ་གྱུར་པ་དང་བསྟུན་ནས་ཇེ་སྲབ་ཏུ་འགྱུར། འོན་ཀྱང་གལ་ཏེ་མཁལ་མ་བརྗེ་བ་ལེགས་འགྲུབ་བྱུང་སྟེ་མཁལ་མའི་ནུས་པ་ཇེ་བཟང་དུ་གྱུར་ན། མཐོང་བྱེད་དྲ་སྐྱི་ཇེ་སྲབ་ཏུ་འགྲོ་བའི་གནད་དོན་དེ་མངོན་གསལ་གྱིས་ལེགས་བསྒྱུར་ཐུབ་པ་དང་། མཁལ་མ་བརྗེ་བའི་བཤག་བཅོས་བྱས་ཟིན་པའི་ནད་པ་རྣམས་ལ་བཤག་བཅོས་ཀྱི་རྗེས་ནས་མཐོང་བྱེད་དྲ་སྐྱི་མགྱོགས་མྱུར་སྒོས་ཇེ་མཐུག་ཏུ་འགྲོ། ཞིབ་འཇུག་མི་སྣས་གསལ་བཤད་བྱ་རྒྱུར། མིག་ནི་མིའི་ལུས་སྟེང་གི་ཁྲག་རྩ་ཕྲ་མོའི་འཁོར་རྒྱུག་གོ་རིམ་མཐོང་ཐུབ་པའི་དབང་བོ་གཅིག་པུ་ཡིན་པས། མིག་ནང་གི་ཁྲག་རྩའི་གནས་ཚུལ་གྱིས་ཚད་ངེས་ཅན་གྱི་སྟེང་ནས་མཁལ་མའི་ཁྲག་འདོན་གནས་ཚུལ་མཚོན་བཞིན་ཡོད། 
ཞིབ་འཇུག་མི་སྣས་བཤད་པ་ལྟར་ན། མཁལ་མའི་ནད་ལ་སྔ་དུས་སུ་ནད་རྟགས་གང་ཡང་མེད་པ་དང་། ནད་རྟགས་ཕྱིར་མངོན་སྐབས་མཁལ་མའི་ནུས་པ་ཕྱེད་ཀ་ཉམས་ཚར་བའི་སྣང་ཚུལ་ཡོད། ཞིབ་འཇུག་གསར་བ་འདི་ཡིས་མིག་གི3Dབཤེར་འབེབས་མཇུག་འབྲས་སྤྱད་དེ་མཁལ་མའི་ནད་ཞིབ་བཤེར་དང་སྔ་བརྟག་བྱེད་པར་མགྱོགས་མྱུར་ལྡན་ལ་ལུས་ཁོག་ལ་འཛུལ་མི་དགོས་པའི་བརྟག་དཔྱད་བྱེད་ཐབས་ཤིག་མཁོ་སྤྲོད་བྱས་པས། འདི་ཡིས་མཁལ་མའི་ནད་ཀྱི་ནད་བབ་རྗེས་འདེད་བརྟག་དཔྱད་ལ་སྟབས་བདེ་བསྐྲུན་ཏེ་མཁལ་མར་བརྟག་དཔྱད་བྱེད་ཐབས་ལ་རྩ་བ་ནས་འགྱུར་ལྡོག་གཏོང་སྲིད། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།