
བུད་མེད་ལ་མངལ་ཆགས་པའི་དུས་ནི་ཚེ་སྲོག་གསོ་སྐྱོང་བྱེད་པའི་འགག་རྩའི་དུས་མཚམས་ཤིག་ཡིན་ལ། འཚོ་བཅུད་ནི་སྦྲུམ་མ་རང་ངོས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པར་མ་ཟད། ད་དུང་ཕྲུ་གུའི་སྐྱེ་འཚར་དང་ཚེ་གང་གི་བདེ་ཐང་ལའང་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། མིག་སྔར་རང་རྒྱལ་གྱི་མངལ་ཆགས་པའི་བུད་མེད་མི་ཉུང་བ་ཞིག་ལ་འཚོ་བཅུད་དོ་མི་མཉམ་པའི་གནད་དོན་ཡོད་དེ། གཙོ་བོ་ལྕགས་དང་ཀལ། ལོ་སྐྱུར་སོགས་གནད་འགག་གི་འཚོ་བཅུད་རྫས་སྡུད་ལེན་མི་འདང་བ་དང་། དུས་མཚུངས་སུ་ལུས་པོའི་ལྗིད་ཚད་འཕར་ཚད་མགྱོགས་དྲག་པ་དང་ནད་རིགས་འབྱུང་ཚད་མགྱོགས་དྲག་པའི་སྣང་ཚུལ་ཡོད། མངལ་ཆགས་དུས་འཚོ་བཅུད་ཀྱི་སྲོག་ཤིང་ནི་སྤུས་ཚད་དོ་མཉམ་དང་གནད་དུ་འཁེལ་བར་བྱ་རྒྱུ་དེ་ཡིན་པས། ཚང་མས་མི་གཅིག་གིས་ཟ་བ་དེ་མི་གཉིས་ལ་ཁ་གསབ་བྱེད་པའི་ནོར་འཁྲུལ་གྱི་ངོས་འཛིན་དོར་དགོས།
ལུགས་མཐུན་གྱི་བཟའ་བཏུང་ནི་མ་བུའི་བདེ་ཐང་གི་རྨང་གཞི་ཡིན། ཟ་མ་གཙོ་བོ་ཞིབ་ཚགས་ཀྱིས་སྡེབ་སྒྲིག་བྱེད་དགོས་པ་དང་། ཉིན་རེར་འབྲུ་རིགས་ཁེ200ནས300བར་ཟ་བ་དང་། ཞོག་ཁོག་རིགས་སྡེབ་སྒྲིག་བྱེད་པ། བཟའ་བཅའི་ཚི་སྣ་དངBརིགས་ཀྱི་འཚོ་བཅུད་ཁ་གསབ་བྱས་ཏེ། རྩ་སྐམ་པ་དང་ཁྲག་མངར་འཕར་ཆག་སྔོན་འགོག་བྱེད་དགོས། སྤུས་ལེགས་སྤྲི་དཀར་རྫས་ལ་ཟས་དཀར་དམར་གཉིས་ཀ་སྡུད་ལེན་བྱ་དགོས་ཤིང་། ཉིན་རེར་ཉ་ཤ་དང་བྱ་ཤ། སྒོ་ང་བཅས་ཁེ150ནས200བར་ཟ་བ་དང་། ཉ་རིགས་ཀྱིས་ཕྲུ་གུའི་ཀླད་པ་འཚར་ལོངས་འབྱུང་བར་རོགས་རམ་བྱེད་ཐུབ་ལ། སྲན་བཟོས་ཐོན་རྫས་གཟའ་འཁོར་རེར་ཐེངས3ནས4བར་ཟོས་ན་ཧ་ཅང་ལེགས་ཤིང་། སྔོ་ཚོད་དང་སིལ་ཏོག་ཉིན་རེར་ཁེ300ནས500བར་ཟ་དགོས་ལ། འཚོ་བཅུད་དང་ལོ་སྐྱུར་ཁ་གསབ་བྱས་ཏེ་ཕྲུ་གུ་སྐྱེ་དུས་ཀྱི་རྐྱེན་ངན་སྔོན་འགོག་བྱེད་དགོས།
འཚོ་བཅུད་གཙོ་བོའི་ཁ་གསབ་གནད་དུ་འཁེལ་བར་བྱེད་དགོས། ལོ་སྐྱུར་ནི་མངལ་མ་ཆགས་སྔོན་གྱི་ཟླ3ནས་མངལ་ཆགས་རྗེས་ཀྱི་ཟླ3བར་ཉིན་རེར་ཧའོ་ཁེ0.4ནས0.8བར་ཁ་གསབ་བྱས་ཚེ། ཕྲུ་གུའི་དབང་རྩའི་སྦུ་གུ་ཡ་མ་གཟུགས་སུ་འགྱུར་བ་སྔོན་འགོག་བྱེད་ཐུབ། མངལ་ཆགས་པའི་དུས་དཀྱིལ་དང་དུས་མཇུག་ཏུ་ཉིན་རེར་ལྕགས་རིགས་ཧའོ་ཁེ27ནས35བར་སྡུད་ལེན་བྱེད་དགོས་ཤིང་། ཤ་དམར་དང་ཁྲག་བཟོས་ཐོན་རྫས་མང་ཙམ་ཟ་བ་དང་། འཚོ་བཅུདCསྡེབ་སྒྲིག་བྱས་ནས་སྡུད་ལེན་ལ་སྐུལ་འདེད་གཏོང་དགོས་ཤིང་། ཇ་དང་ཚིགས་ཇ་དང་མཉམ་ཟ་བྱེད་མི་རུང་། ཀལ་དང་འཚོ་བཅུདDནི་རུས་པ་འཚར་ལོངས་འབྱུང་བར་མཁོ་བའི་གནད་འགག་གི་འཚོ་བཅུད་རྫས་ཡིན་ཞིང་། སྦྲུམ་མའི་དུས་མཇུག་ཏུ་ཉིན་རེར་ཀལ་ཧའོ་ཁེ1000ནས1200བར་ཁ་གསབ་བྱེད་དགོས་པ་དང་། ཉི་འོད་མི་འདང་བའི་སྐབས་སུ་འཚོ་བཅུདDཁ་གསབ་བྱེད་དགོས། དུས་མཚུངས་སུ་ཏེན་དང་འཚོ་བཅུདAབཅས་འོས་འཚམ་སྒོས་སྡུད་ལེན་བྱས་ནས་ཕྲུ་གུ་ཕྱོགས་ཡོངས་ནས་འཚར་ལོངས་འབྱུང་བར་རོགས་རམ་བྱེད་དགོས།
མངལ་ཆགས་པའི་དུས་སུ་དུས་མཚམས་དགར་ནས་འཚོ་བཅུད་དོ་དམ་གནད་དུ་འཁེལ་བར་བྱེད་དགོས། མངལ་ཆགས་པའི་སྔ་དུས་སུ་ཚ་ཚད་འཕར་སྣོན་བྱེད་མི་དགོས་པར་ལོ་སྐྱུར་ཁ་གསབ་དང་རྨང་གཞིའི་འཚོ་བཅུད་ཁག་ཐེག་བྱས་ན་ཆོག མངལ་ཆགས་པའི་དུས་དཀྱིལ་དུ་ཉིན་རེར་སྤྲི་དཀར་རྫས་དང་ཀལ། ལྕགས་སོགས་ཁ་གསབ་བྱེད་པར་དོ་སྣང་བྱེད་དགོས། མངལ་ཆགས་པའི་དུས་མཇུག་ཏུ་ཉིན་རེར་ཟ་མ་ཉུང་ངུ་ཟས་ཐུན་མང་པོར་ཟ་བའི་བྱེད་ཐབས་སྤྱད་དེ་འཚོ་བཅུད་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕོ་རྒྱུའི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།