
“ཁྱོད་ནི་ཁྲག་རིགསOཅན་ཡིན་པས་དུག་སྦྲང་གིས་སོ་བཏབ་པ་ཡིན”ཞེས་པའི་བཤད་ཚུལ་དེ་དམངས་ཁྲོད་དུ་ཧ་ཅང་རྒྱུགས་ཆེ། པེ་ཅིན་སློབ་ཆེན་མི་དམངས་སྨན་ཁང་ཁྲག་འདྲེན་ཚན་ཁག་གི་ཀྲུའུ་རིན་ཧོའུ་རུའེ་ཆིན་གྱིས་དཀྲོག་གཏམ་དེ་ལ་དགག་ལན་བསློགས་ཡོད་པ་སྟེ། མིག་སྔར་དུག་སྦྲང་ནི་ཁྲག་རིགསOཅན་ལ་དགའ་བ་ར་སྤྲོད་བྱེད་པའི་གསོ་རིག་ཞིབ་འཇུག་དང་ནད་ཐོག་དཔང་རྟགས་དབང་གྲགས་ལྡན་པ་གང་ཡང་མེད།
དུག་སྦྲང་གི་མཐོང་ནུས་ཧ་ཅང་ཞན་པས། སྨི་འགའི་ཕ་རོལ་ནས་མིའི་རིགས་ཀྱི་ཁྲག་རིགས་ངོས་འཛིན་བྱེད་མི་ཐུབ། ཁྲག་རིགས་མི་འདྲ་བའི་མི་ཚོགས་ཀྱི་རྔུལ་ཆུ་དང་ལུས་ཀྱི་དྲི་མ་སོགས་ཟགས་ཐོན་དངོས་རྫས་ལ་ཁྱད་པར་མངོན་གསལ་མེད་པས། དུག་སྦྲང་གིས་གནདལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱེད་ཐུབ་ཀྱིན་མེད། ཚན་རིག་པའི་སྡེ་རུ་དངོས་བཤེར་ཆུང་གྲས་ཁ་ཤས་ཀྱིས་འབྲེལ་ཡོད་ཀྱི་ཚོད་དཔག་བྱས་ཡོད་མོད། འོན་ཀྱང་དངོས་བཤེར་གྱི་མ་དཔེའི་གྲངས་འབོར་ཉུང་བ་དང་ཁོར་ཡུག་ཚོད་འཛིན་རུང་བའི་རང་བཞིན་ཞན་པས། བསྡོམས་ཚིག་དེར་རིག་གཞུང་གི་སྡེ་གཙོ་གྲས་ཀྱི་ཁས་ལེན་མ་ཐོབ།
“དུག་སྦྲང་འགུགས་པའི་གཟུགས་གཞི”ཞེས་པ་དངོས་གནས་ཡོད་དམ།
ཁྲག་རིགས་ཀྱིས་སྙོན་བཙུགས་པ་དེ་མི་འཁུར་ན། དུག་སྦྲང་གིས་དོན་ངོ་མར་ཁྱོད་ལ་ཅིའི་ཕྱིར་སོ་བཏབ་པ་ཡིན། ཧོའུ་རུའེ་ཆིན་གྱིས་དུག་སྦྲང་གིས་མ་གཞིར་སྣ་ཤེས་དང་མིག་ཤེས། དྲོད་ཚད་བཅས་ལ་བརྟེན་ནས་ཚོར་རྟོགས་བྱེད་པ་དང་འབྲེལ་དམིགས་ཚད་གཏན་ཁེལ་བྱེད་པ་ཡིན་ཞེས་མུ་མཐུད་དུ་འགྲེལ་བཤད་བྱས།
གཤམ་གྱི་མི་འདི་དག་ནི་དུག་སྦྲང“དགའ་བའི་མི”ཡིན་པས། མྱུར་དུ་མི་དེ་རིགས་ཡིན་མིན་རང་གིས་རང་ལ་བརྟག་པར་བྱ།
གཅིག དབྱང་གཉིས་ཐཱན་རྫས་མང་བོ་འབྱིན་པའི་མི།
དུག་སྦྲང་གིས་སྨི70ཡི་ཕ་རོལ་ནས་དབྱང་གཉིས་ཐཱན་རྫས་ཚོར་ཐུབ་པས། དུག་སྦྲང་གིས་གློ་དབུགས་ཤོང་ཚད་ཆེ་བ་དང་འགུལ་སྐྱོད་བྱས་ཚར་བ། སྦྲུམ་མ། མི་ཚོན་པོ་བཅས་ཀྱི་མི་ཚོགས་ཀྱིས་དབྱང་གཉིས་ཐཱན་རྫས་ཕྱིར་འབྱིན་པ་མང་བ་དེ་སོ་འདེབས་ཡུལ་དུ་འཛིན་སླ།
གཉིས། རྔུལ་ཆུ་མང་དུ་བཞུར་བ་དང་ལུས་ཀྱི་དྲི་ཆེ་བའི་མི།
རྔུལ་ཆུའི་ཁྲོད་ཀྱི་འོ་སྐྱུར་དང་གཅིན་སྐྱུར། ཨན་སོགས་རྫས་རིགས་ནི་དུག་སྦྲང་གི“སྣ་ཤེས་ཀྱི་ཟས་ཆེན”ཡིན། འགུལ་སྐྱོད་བྱས་རྗེས་དང་རྔུལ་ཆུ་བཞུར་སླ་བ། རྙིང་ཚབ་གསར་འབྱེད་མཐོ་བའི་ན་གཞོན་དང་། མངར་ཟས་ཟ་རྒྱུ་དང་སྦི་རག་འཐུང་བར་དགའ་བའི་མི་ཡི་རྔུལ་ཆུའི་ཟགས་ཐོན་དངོས་པོས་དུག་སྦྲང་ལྷག་ཏུ་འགུགས་ཐུབ།
གསུམ། ལུས་དྲོད་ཅུང་མཐོ་བའི་མི།
དུག་སྦྲང་ནི་དྲོད་ཁྱད་ལ་ཚོར་བ་ཧ་ཅང་སྐྱེན་ཞིང་། ལུས་དྲོད་ཅུང་མཐོ་བ(དཔེར་ན་ཚ་བ་རྒྱས་པ་དང་འགུལ་སྐྱོད་བྱས་རྗེས་ཀྱི་མི)དང་། སྦྲུམ་མ། ཕྲུ་གུ་དམར་འབྱར་བཅས་ཀྱིས་ཚ་ཚད་དེ་དུག་སྦྲང་གིས་ཚོར་སླ་བ་ཡིན།
བཞི། པགས་པའི་སྲིན་ཁྱུ་དམིགས་བསལ་ཅན་གྱི་མི།
མི་རེ་རེའི་པགས་པའི་ཕྱི་ངོས་ཀྱི་སྐྱེ་དངོས་ཕྲ་རབ་ཀྱི་ཁྱུ་ཚོགས་མི་འདྲ་བས་མི་ཁ་ཤས་ཀྱིས་སའོ་སྐྱུར་རིགས་ཀྱི་རྫས་རིགས་མང་བོ་ཟགས་ཐོན་བྱེད་པས། མི་དེའི་རིགས་ཀྱི་དུག་སྦྲང་གི་འགུགས་ཤུགས་མི་དཀྱུས་མ་ལས་མཐོ་བ་ཡིན།
མི་རྣམས་ལས་ཐོན་པའི་སའོ་སྐྱུར་གྱི་ཁ་གྲངས་མི་འདྲ་སྟེ། པགས་ཚིལ་ནི་པགས་པའི་སྟེང་གི་ཕན་ལྡན་སྐྱེ་དངོས་ཕྲ་རབ་མང་པོས་ཁྱུར་མིད་བྱས་རྗེས་སའོ་སྐྱུར་མང་བོ་འབྱུང་སྲིད།
དེ་མིན། མདོག་ནག་ཤེད་ཆེ་བའི་ལྭ་བ་གྱོན་པའི་མི་ལའང་དུག་སྦྲང་གིས་སོ་འདེབས་སླ། དེ་ནི་དུག་སྦྲང་ལྷན་སྐྱེས་ནས་མུན་ནག་ཏུ་འགྲོ་བ་དང་། མཐོང་ཚོར་མ་ལག་ནི་ནག་པོ་དང་སྔོ་ནག དམར་པོ་སོགས་མདོག་ནག་ཤེད་ཆེ་བ་ཅན་ལ་ཚོར་བ་ཧ་ཅང་སྐྱེན་པས་རེད།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།