
དབྱར་དུས་སུ་གནམ་གཤིས་ཚ་བ་ཆེ་བས། ལུས་པོའི་བདེ་ཐང་ལ་འགྲན་སློང་སྣ་ཚོགས་འཕྲད་ཀྱིན་ཡོད། དཔེར་ན། ཚ་བ་རྒྱས་པ་དང་ཚ་གདུག་ཕོག་པ། བཞའ་བརླན་ཆེ་བ། གཉིད་མི་ཁུག་པ་བཅས་ཀྱི་གནས་ཚུལ་ཅི་རིགས་ཐོན་སླ་བར་མ་ཟད། སྙིང་དང་ཀླད་པའི་ཁྲག་རྩའི་ཁུར་བོའང་ཇེ་ལྕི་རུ་འགྲོ་བཞིན་ཡོད་པས། དབྱར་དུས་སུ་གཤམ་གྱི་བཏུང་བྱ་རིགས་འདི་དག་འཐུང་ན་ལུས་པོར་ཕན་ཐོགས་ཆེན་པོ་ཡོད།
གཅིག ཚ་བ་སེལ་ཞིང་ཀླད་སྙིང་ཁྲག་རྩར་ཕན་པའི་མེ་ཏོག་དྲི་ལྡན་ཇ་ལྗང་།
དབྱར་དུས་གནམ་གཤིས་ཚ་བ་ཆེ་བས་མིའི་ལུས་པོར་ཚ་བ་རྒྱས་སླ། ཇ་ལྗང་གི་རང་བཞིན་བསིལ་ཞིང་ཚ་སེལ་གྱི་ནུས་པ་ལྡན། གཞན་ཡང་དབྱར་དུས་མིའི་ལུས་པོ་ནས་རྔུལ་ནག་བཞུར་ཚད་མང་ཞིང་། ཁང་པའི་ཕྱི་ནང་གཉིས་ཀྱི་དྲོད་ཚད་ཧེ་བག་ཆེ་བས་ཀླད་སྙིང་ཁྲག་རྩའི་ཁུར་བོ་ཇེ་ལྕི་རུ་འགྲོ་བཞིན་ཡོད། ཇ་ལྗང་ལ་དབྱང་འགྱུར་འགོག་པ་དང་སྙིང་དང་ཀླད་པའི་ཁྲག་རྩ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན་པས། དབྱར་དུས་ཇ་ལྗང་འཐུང་ན། སྙིང་དང་ཀླད་པའི་ཁྲག་རྩའི་དོན་རྐྱེན་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ་པར་མ་ཟད། ཇ་ལྗང་གིས་འབྲས་སྐྲན་འགོག་པ་དང་ཁྲག་ཚིལ་ཇེ་ཉུང་དུ་གཏོང་བ། ཁྲག་ཤེད་གཅོག་པ། ཤ་ཇེ་སྐམ་དུ་གཏོང་བ་བཅས་ལའང་ཕན་ཐོགས་ཡོད།
མེ་ཏོག་དྲི་ལྡན་ཇ་ལྗང་གི་ཕན་ཡོན་ནི། ཇ་ལྗང་གི་རང་བཞིན་བསིལ་བ་དང་། མེ་ཏོག་དྲི་ལྡན་གཉིས་མཉམ་དུ་སྡེབ་སྦྱོར་བྱས་ནས་འཐུང་ན། ཇ་ལྗང་གི་བསིལ་བའི་རང་བཞིན་གྱིས་ཕོ་བར་ཕོག་ཐུག་གཏོང་ཚད་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། མེ་དྲོད་འཕེལ་བ་དང་སེམས་ལྷོད་ལ་འབབ་པ། སེམས་ལ་སྐྱིད་སྣང་སྟེར་བ་བཅས་ཡོང་ཐུབ།
དོ་སྣང་བྱེད་དགོས་པ་ཞིག་ནི་ཇ་ལྗང་ཚད་ལས་བརྒལ་ན་མིའི་ལུས་ཀྱི་འཚོ་བཅུད་ཀལ་ཤོར་བའམ་ཡང་ན་ཕོ་བ་མི་བདེ་བ་འབྱུང་སྲིད།
གཉིས། བཞའ་བརླན་དང་ཚ་གདུག་སེལ་བའི་乌梅豆浆ཝུའུ་མེ་སྲན་ཁུ།
ལྟོས་བཅས་ཀྱིས་བཤད་ན། ལོ་གཅིག་གི་དུས་ཚིགས་བཞི་ཡི་ནང་ནས་དབྱར་དུས་ནི་གནམ་གཤིས་ཚ་བ་ཆེ་ཞིང་། ཆར་ཆུ་འབབ་ཚད་མང་བ། མཁའ་དབུགས་ནང་དུ་བརླན་གཤེར་མང་བ་བཅས་ཀྱི་དུས་ཚིགས་ཤིག་ཡིན་པར་མ་ཟད། ནམ་རྒྱུན་གྱི་འཚོ་བའི་ཁྲོད་བཏུང་བྱ་གྲང་མོ་འཐུང་ཚད་མང་བ་དང་། དྲོད་སྙོམ་འཕྲུལ་ཆས་བེད་སྤྱོད་གཏོང་ཚད་མང་བའི་དུས་ཚིགས་ཤིག་ཀྱང་ཡིན་པས། མིའི་ལུས་ཁམས་ཀྱི་བཞའ་བརླན་སེལ་དགོས་ངེས་རེད།
ཝུའུ་མེ་སྲན་ཁུ་ཡི་ཕན་ཡོན་ནི། ཚ་གདུག་སེལ་བ་དང་རྔུལ་ནག་འདོན་པ། ལུས་ཟུངས་གསོ་ཞིང་མཚེར་པ་གསོ་བ། བཞའ་བརླན་སེལ་བ་བཅས་ཡིན།
དེ་ལ་འཛེམ་དགོས་པའི་མི་ཚོགས་ནི། སྦྲུམ་མ་དང་ཕོ་བ་སྦོས་སླ་བའི་མི་ཚོགས་ཀྱིས་འཐུང་མི་རུང་།
གསུམ། གཉིད་ལ་ཕན་པའི་པོ་ཧི་མེ་ཏོག་གི་ཇ་འཐུང་བ།
དབྱར་ཁ་ནི་འབྱུང་བ་མེའི་ཁོངས་སུ་གཏོགས་པས། དབྱར་དུས་ཁོང་ཁྲོའི་མེ་ལྕེ་འབར་སླ་བར་མ་ཟད། ཚ་གདུང་གིས་མི་སེམས་འཁྲུགས་ནས་ངལ་དུབ་འབྱུང་བ་དང་ལུས་པོ་ཐང་ཆད་པ། གཉིད་མི་ཁུག་པ། སེམས་འཚབ་པ་སོགས་ཀྱི་སྣང་ཚུལ་འབྱུང་སླ། གཞན་ཡང་ཀྲུང་ལུགས་གསོ་རིག་ལས་རླུང་གིས་ཡིད་ཀྱི་བདེ་བ་འཕྲོག་ནས་གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་སྲིད་པའི་ངོས་འཛིན་བྱེད་པ་ཡིན། རླུང་གིས་གཉིད་ལ་ཤུགས་རྐྱེན་བཟོ་བ་ཕུད། ད་དུང་མིག་སྐམ་ཞིང་རླུང་དང་འཕྲད་ན་མིག་ཆུ་བཞུར་བ་སོགས་མི་བདེ་བའི་ནད་རྟགས་ཐོན་སྲིད་པས་དབྱར་དུས་རང་བྱུང་ཁམས་ཀྱི་རླུང་དང་དྲོད་སྙོམ་འཕྲུལ་ཆས་སོགས་ལས་ཐོན་པའི་རླུང་བསིལ་ལ་མཉམ་འཇོག་བྱེད་དགོས།
薄荷花茶པོ་ཧི་མེ་ཏོག་ཇ་ཡི་ཕན་ཡོན་ནི། རླུང་རྒྱུ་བ་དང་སེམས་གསོ་བ། སེམས་བདེ་བ། གཉིད་ཁུག་པ། མཆིན་རླུང་རྒྱུ་བ་དང་ཡི་མུག་སེལ་བ་བཅས་ལ་ཕན་པར་མ་ཟད། ངོ་བོ་འཇམ་པའི་རང་བཞིན་ཡིན་པས་ལུས་པོར་མི་གནོད་པའི་ཕན་ཡོན་ལྡན།
དེ་ནི་སྦྲུམ་མ་དང་ཕོ་མཚེར་གྲང་བའི་མིས་འཐུང་མི་རུང་།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།