
མི་མང་ཆེ་བའི་ངོས་ནས་བཤད་ན། གལ་ཏེ་ལུས་པོར་བརྟག་དཔྱད་ཐེངས་གཅིག་བྱས་པ་ལས་ཁྲག་གི་གར་ཚད་ཅུང་མཐོན་པོ་ཡིན་པ་ཤེས་ན་སེམས་ཁྲལ་ཆེན་པོ་བྱེད་དགོས་དོན་མེད། རྒྱུ་མཚན་ནི། མིའི་ལུས་ཕུང་ལ་སྙོམ་སྒྲིག་གི་ནང་རྐྱེན་ཆེན་པོ་ལྡན་པས་ཁྲག་རྒྱུན་ཁོར་ཡུག་གི་འགུལ་རྣམ་དོ་མཉམ་སྲུང་འཛིན་བྱེད་ཐུབ།
དར་མ་དང་རྒན་པ། སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་མི་ཚོགས་ཀྱིས་ཁྲག་གར་པོར་དོགས་ཟོན་ཆེན་པོ་བྱེད་དགོས་ཤིང་། ལྷག་པར་ཏུ་དགུན་ཁར་དྲོད་ཚད་དམའ་བའི་རྐྱེན་གྱིས་ཁྲག་རྩ་འཁུམས་པ་དང་། དེའི་ཁར་ཁྲག་གར་པོ་ཆགས་ན་སྙིང་དང་ཀླད་པའི་ཁུར་བོ་མངོན་གསལ་གྱིས་ཇེ་ལྕི་རུ་འགྲོ་བ་དང་། སྙིང་རྩ་འགག་པ་དང་ཀླད་རྩ་འགག་པའི་ཉེན་ཁ་ཡང་དེ་དང་བསྟུན་ནས་ཇེ་མཐོར་འགྲོ་སྲིད།
ཆེད་མཁས་པས་ལུས་པོར་གཤམ་གྱི་བརྡ་རྟགས་ལྔ་ཐོན་པའི་ཚེ། ཁྲག་གར་པོ་ཡིན་པའི་དྲན་སྐུལ་གནང་འདུག
གཅིག ཞོགས་པར་ཡར་ལངས་དུས་མགོ་ཡོམ་འཁོར་བ།
ཞོགས་པར་ཡར་ལངས་དུས་མགོ་བོ་ལྕི་ཞིང་མགོ་ཡོམ་འཁོར་བ་དང་རིག་པ་ཉ་བེ་ཉོབ་བེ་ཡིན་ན་ཁྲག་གར་པོ་ཡིན་པ་མཚོན།
གཉིས། གཉིད་ཅོག་རྒྱག་སླ་བ།
ཟ་མ་ཟོས་རྗེས་གཉིད་ཅོག་རྒྱག་པ་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་ཁྲག་གར་པོ་ཡིན་པའམ་ཡང་ན་ཀླད་པའི་ཁྲག་རྩ་སྲ་འགྱུར་གྱི་མི་ཚོགས་ལ་མཚོན་ན། ནད་རྟགས་འདི་སྔར་ལས་མང་ཞིང་མངོན་གསལ་རེད།
གསུམ། པུས་མོ་གུག་སྟེ་ལངས་ནས་འདུག་སྐབས་བྲང་ཁོག་བསྡམས་པ།
ཁྲག་གི་གར་ཚད་མཐོ་བའི་མི་ཚོགས་ལ་མཚོན་ན། པུས་མོ་གུག་སྟེ་ལངས་ནས་འདུག་སྐབས་བྲང་ཁོག་བསྡམས་པའི་སྣང་ཚུལ་འབྱུང་བཞིན་ཡོད་ཅིང་། དེ་ཡང་ཤ་རྒྱགས་པའི་མི་ལ་སྣང་ཚུལ་དེ་ཅུང་མངོན་གསལ་ཡིན་ལ་དེ་དང་སྦྲགས་ནས་དབུགས་ཀྱང་ཧལ་གྱིན་ཡོད།
བཞི། འགུལ་སྐྱོད་བྱས་རྗེས་ཁ་སྨུག་པོར་འགྱུར་བ།
གལ་སྲིད་ཁ་སྨུག་པོར་གྱུར་བར་མ་ཟད། འགུལ་སྐྱོད་ཏོག་ཙམ་བྱས་མ་ཐག་ལམ་སེང་དབུགས་ཧལ་བ་དེ་ནི་རྒྱུན་པར་ལུས་ཁམས་ལ་གསོ་རླུང་མི་འདང་བ་དང་ཁྲག་གི་གར་ཚད་ཅུང་མཐོ་བའི་མངོན་ཚུལ་ཞིག་ཡིན་པས། དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་སྙིང་ཁམས་ཁྲག་རྩའི་ནད་དམ་གློ་ནད་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས།
ལྔ། མིག་གློ་བུར་དུ་རབ་རིབ་ཏུ་གྱུར་པ།
ཁྲག་གར་པོ་ཡིན་པའི་སྐབས་སུ། མིག་གློ་བུར་དུ་རབ་རིབ་ཏུ་གྱུར་པའམ་ཡང་ན་མིག་མདུན་དུ་ནག་ཡོམ་ཡོམ་གྱི་ཚོར་སྣང་འབྱུང་སྲིད། འོན་ཀྱང་ཡུན་ཙམ་གྱིས་རང་བཞིན་དུ་སླར་གསོ་འབྱུང་ཐུབ་པ་རེད།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།