
ནམ་རྒྱུན་གྱི་འཚོ་བའི་ཁྲོད་གཤམ་གསལ་གྱི་བྱ་བ་འདི་དག་ལེགས་པོར་བསྒྲུབ་ན་ཁྲག་གར་པོར་འགྱུར་བ་སྔོན་འགོག་དང་ཁྲག་སླ་རུ་གཏོང་བར་ཕན་ཐོགས་ཡོད།
གཅིག དུས་ཐོག་ཏུ་ཆུ་ཁ་གསབ་བྱེད་པ།
ཆུ་འཐུང་ཚད་མི་འདང་བ་དང་རྔུལ་ཆུ་བཞུར་ཚད་མང་དྲགས་ན། ལུས་པོ་ སྐམ་ནས་ཁྲག་གི་གར་ཚད་ཇེ་མཐོར་འགྲོ་བཞིན་ཡོད་ཅིང་། དབྱར་ཁར་སྣང་ཚུལ་དེ་ལྷག་ཏུ་མངོན་གསལ་རེད། དེས་ན་དུས་ཐོག་ཏུ་ལུས་པོར་ཆུ་ཁ་གསབ་བྱེད་དགོས་པ་སྟེ། ཞོགས་པར་མལ་ལས་ལངས་རྗེས་དང་། ཟས་ཐུན་གསུམ་པོའི་སྔོན་གྱི་ཆུ་ཚོད་གཅིག་དང་མ་ཉལ་གོང་གི་ཆུ་ཚོད་གཅིག་བཅས་ཀྱི་དུས་མཚམས་སོ་སོར་ཆུ་ཁོལ་དྲོ་འཇམ་ཧའོ་ཧྲེང200ཙམ་འཐུང་ནས་ཁྲག་སླ་རུ་གཏོང་ཐབས་བྱེད་དགོས།
གཉིས། ཐ་མག་དང་ཆང་གཅོད་པ།
ཐ་མག་ཁྲོད་ཀྱི་དུག་གཤིས་དངོས་པོས་ཁྲག་རྩའི་ནང་ངོས་ཀྱི་བྱེད་ལས་ལ་གཏོར་སྐྱོན་བཏང་ནས་ཁྲག་ལེབ་ཆུང་ངུའི་ཁ་གྲངས་ཇེ་མང་དུ་གཏོང་བ་དང་། ཕྲ་ཕུང་དམར་པོ་ཉམས་རྒུད་དུ་འགྲོ་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད། ཆང་མང་པོ་འཐུང་ན་སྙིང་དང་ཀླད་པའི་ཁྲག་རྩ་ལ་ཁྲག་དང་གསོ་རླུང་མི་འདང་བའི་ནད་རྟགས་འབྱུང་སྲིད།
གསུམ། ཟ་མར་དོ་སྣང་བྱེད་པ།
སྲོག་ཆགས་ཀྱི་ནང་ཁྲོལ་དང་མངར་ཟས་མང་པོ་ཟ་མི་རུང་བར་རབ་ཡིན་ན་ཟས་ཐུན་གསུམ་ལ་ཞག་ཚིལ་ཉུང་བ་དང་སྡེབ་སྒྲིག་ལེགས་པོ་བྱས་པའི་འབྲུ་རིགས། སྔོ་ཚོད་དང་ཤིང་ཏོག་སོགས་མང་ཙམ་ཟོས་ནས་ལུས་པོར་བཟའ་བཅའི་ཚི་སྣ་འདང་བར་བྱེད་དགོས།
བཞི། འགུལ་སྐྱོད་ལུགས་མཐུན་བྱེད་པ།
ཁྲག་གར་པོ་ཡིན་པའི་མིས་འགུལ་སྐྱོད་མང་ཙམ་བྱེད་དགོས་པར་མ་ཟད། ལུས་པོའི་ལྗིད་ཚད་ལ་དོ་དམ་ལེགས་པོ་བྱས་ན་ཁྲག་འཁོར་རྒྱུག་བྱེད་པར་སྐུལ་འདེད་ཐུབ་པ་དང་། ཚིལ་རྫས་བརྗེ་ཚབ་ལེགས་བཅོས་བྱེད་ཐུབ།
ལྔ། སེམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ།
ཁྲག་གར་པོ་ཆགས་པ་ནི་དངངས་འཚབ་དང་སེམས་ཁྲལ། གནོན་ཤུགས་ཆེ་བ། རྒྱུན་དུ་མཚན་འཁྱོངས་གཏོང་བ། གཉིད་ཡག་པོ་མི་ཁུག་པ་བཅས་དང་འབྲེལ་བ་དམ་ཟབ་ཡོད་པས། སེམས་ཞི་ལྷོད་དུ་བཏང་ནས་རྐྱེན་ངན་དེ་དག་སེལ་བར་འབད་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།