
བང་ནང་གི་སྐབས་ཟེར་བ་ནི་བྱིས་པ་བཙས་རྗེས་ཀྱི་ཉིན42ཀྱི་ནང་ལ་གོ་བ་ཡིན། བུད་མེད་ཀྱིས་བྱིས་པ་བཙའ་སྐབས་ལུས་ཤུགས་ངེས་ཅན་ཞིག་ཟད་པས་ངེས་པར་དུ་འཚོ་བཅུད་ཁ་གསབ་བྱེད་དགོས། དེར་མ་ཟད་བྱིས་པར་ནུ་མ་བསྣུན་པའི་དུས་མགོ་ཡིན་པས་ངེས་པར་དུ་འཚོ་བཅུད་ཁ་གསབ་བྱས་ན་ནུ་འོ་འབུད་པར་ཕན་པས་བང་མའི་བཟའ་བཏུང་དེ་སྦྲུམ་མའི་བཟའ་བཏུང་དང་འདྲ་བས་སྣང་ཆུང་བྱེད་མི་རུང་། དེ་བས་བང་མའི་འཚོ་བཅུད་སྙོམ་སྒྲིག་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཞིག་རེད།
དང་པོ། བང་ནང་གི་འཚོ་བཅུད་ཁྱད་ཆོས།
གཅིག ནུས་ཚད་མཐོ་བའི་བཟའ་བཏུང་ཁ་གསབ་བྱེད་དགོས།
སྦྲུམ་མས་བྱིས་པ་བཙའ་སྐབས་ལུས་ཤུགས་མང་པོ་ཟད་ཡོད་པས་ངེས་པར་དུ་བང་ནང་ནས་བཟའ་བཏུང་ལ་བརྟེན་ནས་ལུས་ཁམས་གསོ་དགོས། རང་རྒྱལ་གྱིས་བང་མས་ཉིན་རེར་ཚ་ནུས་འཇུག་ཚད་སྔོན་གྱི་རྨང་གཞིའི་སྟེང་སྟོང་ཁེ500ནས 800ཡིན་དགོས་ལ། དེ་ནི་བུད་མེད་ཞིག་ལ་མཚོན་ན་མངལ་སྦྲུམ་མེད་དུས་ཀྱི་ཉིན་རེར་ཚ་ནུས་འཇུག་ཚད་སྟོང་ཁེ2300ཡིན།
གཉིས། སྤྲི་དཀར་མཐོ་བའི་བཟའ་བཏུང་ལ་བསྟེན་པ།
སྤྲི་དཀར་ནི་ཁ་གསབ་གྲུབ་ཆའི་འཚོ་བཅུད་ཆེས་བཟང་ཤོས་ཡིན་ལ། འོ་མའི་འཚོ་བཅུད་ཀྱི་གྲུབ་ཆ་གཙོ་བོའང་ཡིན། སྦྲུམ་མས་བྱིས་པ་བཙའ་སྐབས་ཀྱི་ལུས་ཤུགས་ཟད་ཚད་མྱུར་ཏུ་གསོ་དགོས་པས་ངེས་པར་དུ་སྤྲི་དཀར་རྫས་ཁ་གསབ་བྱེད་དགོས་ཤིང་། ཉིན་རེར་སྤྲི་དཀར་རྫས་ཁེ90ནས་100བར་བསྡུ་ལེན་བྱེད་དགོས་པ་དང་། སྤྲི་དཀར་རྫས་གཙོ་བོ་ནི་ཤ་དང་སྒོ་ང་། འོ་མ། ཉ་སོགས་དང་སྲན་མའི་རིགས་ཀྱི་ཟས་དཔེར་ན་སྲན་ཉོག་སོགས་ཡིན།
གསུམ། སྣ་མང་འཚོ་བཅུད་དང་སྐྱེ་མེད་ཚྭ་ཡི་བཟའ་བཏུང་བསྟེན་དགོས།
བང་ནང་དུ་ལུས་ཕུང་གི་རྙིང་ཚབ་གསར་བྱེད་ཀྱི་ནུས་པ་ཆེ་པས་འཚོ་བཅུད་དང་སྐྱེ་མེད་ཚྭ་མང་པོ་དགོས། སྐབས་དེའི་དགོས་མཁོ་ནི་ཨ་མ་ཁོ་ན་མ་ཡིན་པར་བྱིས་པ་འཚར་སྐྱེ་འབྱུང་བར་ཡང་མཁོ་བ་ཡིན། འཚོ་བཅུདB1དང་འཚོ་བཅུདB2ཚང་མ་མངལ་སྦྲུམ་མེད་དུས་དང་བསྡུར་ན་ཧའོ་ཁེ0.5ཇེ་མང་དུ་གཏོང་དགོས། འཚོ་བཅུད Cགཏོང་ཚད་ཉིན་རེར་ཧའོ་ཁེ་30ཇེ་མང་དུ་བཏང་ནས་ཧའོ་ཁེ300ལ་སླེབས་དགོས། སྐྱེ་མེད་ཚྭ་ཡི་ཐད་ནས་ཆེས་མཉམ་འཇོག་བྱེད་དགོས་པ་ནི་ཀལ་དང་ལྕགས་ཞིན་བཅས་ཡིན། ཀལ་ནི་རུས་པའི་གྲུབ་ཆ་གཙོ་བོ་ཡིན་ལ་བང་མས་ནུ་ཞོ་བརྒྱུད་ནས་ཕལ་ཆེར་ཀལ་ཧའོ་ཁེ་300ཟགས་ཐོན་འབྱུང་བཞིན་ཡོད་པས་བང་མས་ཉིན་རེར་ཀལ་གཏོང་ཚད་མངལ་མ་སྦྲུམ་སྔོན་དང་བསྡུར་ན་ཧའོ་ཁེ400ཁ་བསྣོན་དགོས་པ་སྟེ་ཧའོ་ཁེ1200ཡིན། བྱིས་པ་བཙའ་སྐབས་ཁྲག་མང་པོ་བུད་པས་བང་མར་ཁྲག་ཞན་པའི་གནས་ཚུལ་འབྱུང་སྲིད། དེ་བས་བཟའ་བཏུང་ཁྲོད་ལྕགས་ཁ་གསབ་བྱེད་དགོས་ཏེ་ཉིན་རེར་ལྕགས་ཧའོ་ཁེ25ཁ་གསབ་བྱེད་དགོས། ཞིན་གྱིས་བྱིས་པ་འཚར་སྐྱེ་འབྱུང་བ་དང་རིག་པ་ཇེ་གསལ་ལ་འགྲོ་བར་ཕན་པ་ལྡན་པས་བང་མས་ཉིན་རེར་ཞིན་གཏོང་ཚད་ཧའོ་ཁེ21.5ཡིན་དགོས།
གཉིས་པ། བང་མའི་བཟའ་བཏུང་བཀོད་སྒྲིག་གི་རྩ་དོན།
གཅིག གཤེར་གཟུགས་རང་བཞིན་གྱི་ཟས་རིགས་ལ་བསྟེན་པ།
བྱིས་པ་བཙས་རྗེས་ཀྱི་ཉིན་བཅུ་གཉིས་ཀྱི་ནང་འཇུ་སླ་བའི་ཟས་རིགས་ཁུ་ལྡན་ཅན་བསྟེན་དགོས་ཤིང་། གཤེར་གཟུགས་རང་བཞིན་གྱི་ཟས་རིགས་བསྟེན་ན་བྱིས་པ་བཙས་རྗེས་རྩ་སྐམ་པ་སོགས་ཀྱི་སྣང་ཚུལ་སེལ་ཐུབ།
གཉིས། ཟ་ཚད་ཉུང་ལ་ཟ་ཐུན་མང་དགོས།
ཟས་ཀྱི་ཟ་ཚད་ཉུང་ལ་ཟས་ཐུན་མང་དགོས་ཤིང་། སྤྱིར་བཏང་དུ་ཉིན་རེར་ཇ་ཐུན་གསུམ་ཡིན་མོད། ཡིན་ཡང་བང་ནང་ནས་འདུག་སྐབས་ཉིན་རེར་ཟ་མ་ཐུན་ལྔ་ནས་དྲུག་བར་ཟས་ཆོག འདི་ལྟར་བྱས་ན་ཕོ་བ་དང་རྒྱུ་མའི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་ལ། འཚོ་བཅུད་བསྡུ་ལེན་བྱེད་པར་ཕན་ཞིང་ཉིན་གཅིག་གི་ཟས་ཀྱི་ཟ་ཚད་ཀྱང་ཇེ་མང་དུ་གཏོང་ཐུབ།
གསུམ། སྐྱ་ཟས་སྐྱ་འཐུང་ལ་བསྟེན་པ།
བང་ནང་གི་ཟ་མ་འཇུ་སླ་བ་ཡིན་དགོས་པའི་རྩ་དོན་ལྟར་ཚ་སྐྱུར་དང་ཞག་ཚིལ་་ཉུང་དགོས་ཤིང་། ཞག་ཚིལ་དང་ཚྭ་ཉུང་བའི་ཚོད་མ་མང་དུ་ཟ་དགོས། དེ་ལས་གཞན་སྣུམ་བཙོས་དང་སྣུམ་བསྲེགས་ཀྱི་ཟས་རིགས་ཉུང་ཟ་བྱེད་པ་དང་རབ་ཡིན་ན་མ་ཟས་ན་ལེགས།
བཞི། ཟ་མ་དོ་མཉམ་པར་ཟ་བ།
བང་ནང་དུ་སྡོད་སྐབས་ཟས་རིགས་བཅུད་ཅན་བསྟེན་དགོས་མོད། ཡིན་ཡང་ངེས་པར་དུ་ཟ་མ་དོ་མཉམ་པར་ཟ་དགོས། འབྲུ་ཟས་གཙོ་བོར་བསྟེན་ནས་ཟས་སྣ་མང་པོར་བསྟེན་དགོས་ཤིང་། བང་མ་དང་བྱིས་པར་སྤུས་ལེགས་སྤྲི་དཀར་རྫས་ཀྱི་རིགས་ཅུང་མང་པོ་དགོས་པས་རྒྱུན་ལྡན་དང་བསྡུར་ན་བྱ་ཤ་དང་ཉ་ཤ་སོགས་བསྟེན་དགོས། དེ་མིན་སྲོག་ཆགས་ཀྱི་མཆིན་མཁལ་དང་ཁྲག་སོགས་ཅུང་མང་ཙམ་བསྟེན་ན་བཟང་། ཟ་མ་འདི་དག་གི་འཚོ་བཅུད་A1、B2ཡི་ནང་དུ་ལྕགས་རིགས་འདུས་ལ་འཚོ་བཅུད་འདིའི་རིགས་ནི་བང་མར་ཧ་ཅང་མཁོ་བ་ཡིན། དེ་མིན་ཉིན་རེ་བཞིན་སྔོ་ཚལ་གསར་བ་ཟ་བ་དང་ཤིང་ཏོག་གི་རིགས་ཟས་ན་བཟང་། འོ་མའི་ནང་དུ་ཀལ་ཕུན་སུམ་ཚོགས་པ་འདུས་ལ་སྤྲི་དཀར་རྫས་ཀྱི་རིགས་ཀྱང་འདུས་པས་བང་མའི་འཐུང་ན་ཤིན་ཏུ་ལེགས།
མདོར་ན་བང་ནང་དུ་འདུག་སྐབས་ཟས་སྤྱོད་ལེགས་པོར་བསྟེན་ནས་འཚོ་བཅུད་ཁ་གསབ་དང་གོམས་གཤིས་ངན་པ་དོར་ནས་བདེ་ཐང་ལ་བརྩོན་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
གོང་གསལ་ཤེས་བྱ་དེ《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།