
དབྱར་ཁར་ཚ་བ་ཇེ་ཆེར་སོང་བ་དང་བསྟུན་ནས། མི་མང་བོ་ཞིག་ཁུ་བ་མང་བའི་སིལ་ཏོག་ཟ་བར་དགའ། ཁུ་བ་མང་བའི་སིལ་ཏོག་གི་རིགས་ལས་སྦྲང་ཀུབ་ནི་ཟས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད།
བྲོ་བ་ཞིམ་ལ་རིན་གོང་ཡང་བདེ།
གཅིག སྦྲང་ཀུབ་ཀྱི་འཚོ་བཅུད་ནི་ཅི་འདྲ་ཞིག་ཡིན་ནམ།
སྦྲང་ཀུབ་ནི་ང་ཚོས་དུས་རྒྱུན་དུ་གླེང་བའི་མངར་ཀུབ་ཅེས་པ་དེ་ཡིན་ལ། དེ་ལ་ཆུ་ཀུབ་མངར་མོ་ཡང་ཟེར། སྦྲང་ཀུབ་ཀྱི་འཚོ་བཅུད་ལ་མཚོན་ན། ཆེས་འབུར་ཐོན་གྱི་ཁྱད་ཆོས་ནི་དེར་འདུས་པའི་ཁུ་བ་མང་སྟེ། ཕལ་ཆེར་ཁུ་བའི་འདུས་ཚད90%ཡན་ཡིན་པས། མིང་དོན་མཚུངས་པའི་ཆུ་གསབ་བྱེད་ཀྱི་ལག་རོགས་བཟང་བོ་ཞིག་ཡིན།
གཉིས། སྦྲང་ཀུབ་ནི་ཧ་ཅང་མངར་མོད། འོན་ཀྱང་ཚ་ཚད་ཧ་ཅང་དམའ།
སྦྲང་ཀུབ་ཀྱི་རོ་ཧ་ཅང་མངར་བས། མི་མང་བོས་དེའི་ཚ་ཚད་མཐོ་བར་འདོད། དོན་དངོས་སུ་སྦྲང་ཀུབ་ཀྱི་ཚ་ཚད་ཧ་ཅང་དམའ་སྟེ། ང་ཚོས་རྒྱུན་དུ་ཟ་བཞིན་པའི་ཚ་ལུ་མ་དང་ཀུ་ཤུ། རྒུན་འབྲུམ་སོགས་ཀྱི་ཚ་ཚད་ལས་དམའ་བ་རེད།
གསུམ། གཅིན་སྙི་ཟ་ཁུའི་ནད་པས་ཀྱང་སྦྲང་ཀུབ་ཟོས་ཆོག
མི་མང་བོ་ཞིག་གིས་སྦྲང་ཀུབ་ཀྱི་ཁྲག་མངར་གྲུབ་པའི་སྟོན་གྲངས་ཅུང་མཐོ་བར་འདོད་པས། གཅིན་སྙི་ཟ་ཁུའི་ནད་པ་མང་བོས་སྦྲང་ཀུབ་ཟ་ཕོད་ཀྱིན་མེད།
དོན་དངོས་སུ། ཁྲག་མངར་མཐོ་ནའང་སྦྲང་ཀུབ་ཟས་མི་ཆོག་པ་མིན་ཏེ། ང་ཚོས་ཟས་རིགས་ཤིག་གིས་ཁྲག་མངར་ལ་ཐེབས་པའི་ཤུགས་རྐྱེན་ལ་བརྟག་སྐབས། ཁྲག་མངར་གྲུབ་པའི་སྟོན་གྲངས་ཁོ་ནར་ལྟ་མི་འོས། ཚང་མས་རྒྱུན་དུ་ཟ་བཞིན་པའི་ཧ་སྨི་ཀུབ་ལ་མཚོན་ན། གཅིན་སྙི་ཟ་ཁུའི་ནད་པས་ཧ་སྨི་ཀུབ་ཁེ100ཟོས་ཀྱང་ཁྲག་མངར་ལ་འཕར་ཆག་ཆེན་པོ་འབྱུང་མི་སྲིད།
བཞི། ཤུན་པ་མི་ཟ་ནའང་བཀྲུ་དགོས།
མི་མང་ཆེ་བས་སྦྲང་ཀུབ་ཟ་སྐབས་གཙང་འཁྲུད་མི་བྱེད་པར། ཐད་ཀར་གཏུབས་ནས་ཟ་བ་ཡིན། འདི་ལྟར་བྱས་ན་ཟས་དུག་ཕོག་པའི་ཉེན་ཁ་མཆིས། སྦྲང་ཀུབ་ལ་李斯特菌ལི་སི་ཐེ་སྲིན་ཡོད་སྲིད་ལ། དེར་རྒྱུན་དུ“འཁྱགས་སྒམ་གྱི་ལག་དམར”ཞེས་བརྗོད། ལི་སི་ཐེ་སྲིན་ནི་གནོད་འཚེ་ཅུང་ཆེ་བའི་ཕྲ་སྲིན་ཞིག་ཡིན། དེ་འགོས་རྗེས་སྐྱུག་པ་དང་ཁོག་པ་བཤལ་བ། ཚ་རྒྱས་པ། ཤ་གནད་ན་བ་བཅས་ཀྱི་སྣང་ཚུལ་འབྱུང་བ་དང་། ཚབས་ཆེ་ན་མགོ་ཡུ་འཁོར་བ་དང་བརྒྱལ་བ། ཚེ་སྲོག་ཤོར་བ་བཅས་ཀྱི་སྣང་ཚུལ་ཡང་འབྱུང་སྲིད།
དེ་བས་བདེ་འཇགས་ཀྱི་ཆེད་དུ་སྦྲང་ཀུབ་མ་ཟོས་པའི་སྔོན་དུ་གཙང་མར་བཀྲུ་རྒྱུ་ཧ་ཅང་གལ་ཆེ།
མདོར་ན། ཚ་བ་ཇེ་ཆེར་འགྲོ་བཞིན་ཡོད་པས། སྦྲང་རྩི་ལྟར་ཞིམ་མངར་ལྡན་ཞིང་ཁུ་བ་མང་བའི་སྦྲང་ཀུབ་ཟོས་ཆོག་ལ། དེ་ཡིས་ཆུ་དང་འཚོ་རྒྱུC། ཅཱ་དང་ལབ་སེར་རྒྱུ་བཅས་ཁ་གསབ་བྱེད་པས་དངོས་གནས་ལེགས་པོ་འདུག འཁྱགས་ཉར་བྱས་ཏེ་ཟོས་ན་བྲོ་བ་དེ་བས་མངར།
ཡིན་ནའང་དོ་སྣང་བྱ་དགོས་པ་ཞིག་ནི། ཞིམ་ནའང་ཚོད་མི་འཛིན་པར་གང་འདོད་དུ་ཟ་མི་རུང་། གལ་ཏེ་ཉིན་གང་བོར་སྦྲང་ཀུབ་ཁོ་ན་ཟ་ནའང་། ཁེ200ནས་ཁེ350gཚོད་འཛིན་བྱ་དགོས།
དེ་ལས་གཞན། གལ་ཏེ་སྦྲང་ཀུབ་ཟོས་རྗེས། མཆུ་དང་ཁའི་ནང་། མིད་པ་བཅས་ལ་ཟ་འཕྲུག་དང་ན་ཟུག་ལང་བ། སྐྲངས་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། ཁྱོད་ལ་སྦྲང་ཀུབ་མ་འཕྲོད་པར་ཚོར་ལོག་བྱུང་བ་མཚོན་པས་ཅི་ཐུབ་ཀྱིས་མ་ཟོས་ན་ལེགས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།