
བྱིས་པར་འོ་མ་གཅོད་པ་ནི་གཅེས་ཕྲུག་ནར་སོན་པའི་གོ་རིམ་ཁྲོད་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན། གལ་ཏེ་ཐབས་ལམ་ལེགས་པོ་མ་སྤྱད་ཚེ་བྱིས་པའི་སེམས་ཁམས་དང་ལུས་ཁམས་བཅས་ལ་དགོས་མེད་ཀྱི་གནོད་པ་འབྱུང་སླ་ལ། བདེ་ཐང་ངང་འཚར་ལོངས་ཡོང་བར་ཡང་མི་ཕན། དེ་བས་གཤམ་གྱི་ནོར་འཁྲུལ་དག་ལ་ལྷག་པར་དུ་སྔོན་འགོག་བྱ་དགོས་ཤིང་། ཡང་དག་པའི་སྒོ་ནས་འོ་མ་བཅད་ན་ད་གཟོད་གཅེས་ཕྲུག་དང་ཨ་མ་གཉིས་ཀྱི་སེམས་ཁམས་ལ་ཕན་པ་ཡིན།
ནོར་འཁྲུལ་དང་པོ་ནི་གཅེས་ཕྲུག་གི་སོ་སྐྱེས་ན་ངེས་པར་དུ་འོ་མ་གཅོད་དགོས།
ཨ་མ་ལ་ལས་གཅེས་ཕྲུག་གི་སོ་དང་པོ་སྐྱེས་པ་དེས་ནུ་འོ་བསྣུན་པར་ཤུགས་རྐྱེན་ཐེབས་ཏེ་རང་ཉིད་ཀྱི་ནུ་ཏོག་ལ་སོ་བཏབ་ནས་རྨས་པར་སེམས་ཁུར་བྱེད་བཞིན་ཡོད། དེ་ནས་སྐབས་འདིར་གཅེས་ཕྲུག་གི་འོ་མ་གཅོད་དགོས་པར་འདོད་ཀྱིན་ཡོད། དོན་དངོས་སུ་ཡང་དག་པའི་སྒོ་ནས་ཨ་མའི་ནུ་འོ་བསྣུན་པའི་བྱེད་ཐབས་སྤྱད་ན་སྤྱིར་བཏང་དུ་གནད་དོན་འདི་རིགས་འགོག་ཐུབ། གལ་ཏེ་གཅེས་ཕྲུག་གིས་ཨ་མའི་ནུ་ཏོག་ལ་སོ་འདེབས་པའི་སྣང་ཚུལ་བྱུང་ན། དེ་ནི་སྤྱིར་བཏང་གིས་ནུ་མ་བསྣུན་མ་ཐག་དང་མཚམས་འཇོག་ལ་ཉེ་བའི་སྐབས་སུ་སོ་འདེབས་པ་ཡིན། ཡིན་ཡང་དེ་ནི་དུས་ཡུན་ཐུང་ངུའི་གོ་རིམ་ཞིག་ཡིན་པས་སེམས་ཁུར་ཆེན་པོ་བྱེད་མི་དགོས།
ནོར་འཁྲུལ་གཉིས་པ་ནི་འོ་མ་གཅོད་སྐབས་ཨ་མའི་ནུ་འོ་ཡི་བྲོ་བ་བསྒྱུར་བ།
ཨ་མ་ལ་ལས་འོ་མ་གཅོད་སྐབས། གཞན་གྱི་ཉམས་མྱོང་ལ་ཉན་ནས་ནུ་ཏོག་སྟེང་དུ་བསིལ་སྣུམ་སོགས་ཀྱི་རྫས་བྱུགས་ཤིང་། འདི་ལྟར་བྱས་ན་གཅེས་ཕྲུག་གིས་ཨ་མའི་ནུ་འོ་ལ་ཞེན་པ་ལོག་ནས་གཅོད་ཐུབ་པར་འདོད་ཀྱིན་ཡོད། ཡིན་ཡང་བྱེད་སྟངས་འདི་ནི་ཆེས་མི་ལེགས་པའི་སྣང་ཚུལ་ཞིག་ཡིན། རྒྱུ་མཚན་འདི་ལྟར་བྱས་ན་གཅེས་ཕྲུག་ལ་སྐྲག་སྣང་སྐྱེས་པར་མ་ཟད། ད་དུང་དེའི་རྐྱེན་གྱིས་ཟས་རིགས་གཞན་པའང་མི་ཟ་བའི་སྣང་ཚུལ་འབྱུང་སྲིད་ལ། མཐར་ཨ་མའི་འོ་མ་གཅོད་མ་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་དུས་རྒྱུན་ཟ་བཞིན་པའི་ཟས་རིགས་ཀྱང་མི་ཟ་བའི་གནས་ཚུལ་འབྱུང་བ་རེད།
ནོར་འཁྲུལ་གསུམ་པ་ནི་འོ་མ་གཅོད་སྐབས་བྱིས་པ་ཁ་བཀར་བ།
ཨ་མ་ལ་ལས་འོ་མ་གཅོད་སྐབས་གཅེས་ཕྲུག་ཕ་ཡུལ་དུ་སྐྱེལ་ནས་གཉོར་སྐྱོང་བྱེད་པ་རེད། ཡིན་ཡང་འོ་མ་གཅོད་སྐབས་མ་བུ་ཁ་བཀར་དགོས་དོན་མེད། ཕྲུ་གུ་སྐྱེས་མ་ཐག་ནས་བཟུང་ཨ་མའི་དྲོད་ཁོལ་གྱི་པང་དུ་འཇོག་པར་གོམས་ཡོད། གློ་བུར་དུ་དུས་ཡུན་རིང་བོར་ཁ་བཀར་ན་ཨ་མའི་ནུ་འོ་ལ་བརྟེན་པའི་གཅེས་ཕྲུག་གི་སེམས་ཁམས་ལ་གནོད་དེ་གཉིད་ཀྱང་སྐྱིད་པོ་ཁུག་མི་ཐུབ་པས་འཚར་ལོངས་འབྱུང་བར་ཡང་གནོད་པ་ཡིན།
ནོར་འཁྲུལ་བཞི་བ་ནི་འོ་མ་གཅོད་པའི་གོ་རིམ་ལ་དོ་སྣང་མི་བྱེད་པ།
འོ་མ་བཅད་མ་ཐག་པའི་སྐབས་སུ། གཅེས་ཕྲུག་གིས་ཨ་མའི་འོ་མ་ལ་ཧ་ཅང་ཞེན་ཆགས་པས། ཁྱིམ་བདག་མི་ཉུང་བ་ཞིག་གིས་ཐད་ཀར་གཅེས་ཕྲུག་གི་འོ་མ་བཅད་པའམ་ཡང་ན་ཐེ་ཚོམ་གྱིས་ཐག་མི་ཆོད་པར་བྱེད། འོ་མ་མ་བཅད་པའི་སྔོན་ལ་འོ་མ་ཇེ་ཉུང་དུ་གཏོང་དགོས་ཤིང་། རབ་ཡིན་ན་ཉིན་དཀར་ཨ་མས་ནུ་འོ་བསྣུན་པའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་དགོས། དེ་ནས་རིམ་བཞིན་མཚན་མོར་ནུ་མ་ལྡུད་པའི་ཐེངས་གྲངས་ཇེ་ཉུང་དུ་བཏང་སྟེ་འོ་མ་བཅད་ན་ལེགས།
ནོར་འཁྲུལ་ལྔ་བ་ནི་གཅེས་ཕྲུག་ན་བའི་སྐབས་སུ་འོ་མ་གཅོད་པ།
འོ་མ་གཅོད་པའི་སྐབས་གཅེས་ཕྲུག་གི་ལུས་ཕུང་དང་སེམས་ཁམས་ཅུང་ལེགས་པའི་སྐབས་སུ་འདེམས་དགོས་པ་ལས། ནད་བྱུང་བའི་སྐབས་སུ་འདེམས་མི་རུང་། སྐབས་དེར་གཅེས་ཕྲུག་གི་ནད་འགོག་ནུས་པ་ཅུང་ཞན་པར་མ་ཟད། རང་ཉིད་ཀྱི་ལུས་ཕུང་མི་བདེ་བ་དང་སེམས་ཁམས་མི་སྐྱིད་པས། སྐབས་དེར་འོ་མ་བཅད་ན་བྱིས་པའི་ཡི་ག་ཇེ་ཞན་དུ་འགྱུར་བར་མ་ཟད་ནད་གཞི་ཡང་ཇེ་སྡུག་ཏུ་འགྲོ་སྲིད།
ནོར་འཁྲུལ་དྲུག་པ་ནི་འོ་མ་གཅོད་སྐབས་གནམ་གཤིས་ཚ་བ་ཆེ་བའམ་ཡང་ན་གྲང་ངར་ཆེ་བ་དང་དེ་བཞིན་དུས་ཚིགས་བརྗེ་བའི་སྐབས་འདེམས་པ།
དབྱར་དུས་སུ་གནམ་གཤིས་ཚ་བ་ཆེ་བས་བྱིས་པ་སུན་སྣང་སྐྱེས་སླ་བ་དང་། སེམས་ཁམས་མ་སྐྱིད་པར་ངུས་ན་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད་པས་མཉམ་འཇོག་བྱ་རྒྱུ་ཧ་ཅང་གལ་ཆེའོ།།
གཡང་མོ་སྒྲོལ་མས་བསྒྱུར།