བྱིས་པ་བཙས་རྗེས་མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་ན་བཟང་ཆ་ཤིན་ཏུ་མང་།

ཁུངས། ཀློག་གྲངས།

   སྤྱིར་མ་བུ་གཉིས་ཁང་བ་གཅིག་ཏུ་འདུག་པ་ནི་བྱིས་པ་བཙས་རྗེས་མ་བུ་གཉིས་ཁང་བ་གཅིག་ཏུ་དུས་ཚོད24ལ་མཉམ་དུ་བསྡད་པ་ལ་གོ   སྨན་བཅོས་དང་བདག་སྐྱོང་བྱེད་པའི་དབང་གིས་མ་བུ་ཁ་བཀར་དགོས་ཀྱང་དུས་ཚོད་གཅིག་ལས་མ་བརྒལ་ན་བཟང་།

  དེ་ན་ཞོལ་ནས་མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་ན་བཟང་ཆ་གང་དག་ཡོད་པའི་སྐོར་གྱི་ཤེས་བྱ་ངོ་སྤྲོད་ཅིག་བྱེད། 

གཅིག  བྱིས་པར་སྔ་མོ་ནས་ནུ་མ་ནུ་རུ་འཇུག་ཐུབ།

   ཨ་མའི་ཐོག་མའི་ནུ་འོ་ནི་བྱིས་པ་འཚར་སྐྱེས་འབྱུང་བར་ཕན་པའི་རང་བྱུང་གི་ཟས་མཆོག་ཞིག་ཡིན་པས་དགོས་མཁོ་ལྟར་བསྣུན་པར་ཁག་ཐེག་དང་ནད་འགོག་ནུས་པ་ཇེ་དྲག་ཏུ་བཏང་ནས་ཕྲུ་གུར་ཁྲག་ཧྭགས་དམའ་བའི་ནད་མི་འབྱུང་བ་མ་ཟད། ཕྲུ་གུའི་སྐྱེས་ལུགས་རང་བཞིན་གྱི་ལུས་པོ་ཇེ་ཡང་དུ་འགྲོ་བའང་འགོག་ཐུབ།

གཉིས།  ཨ་མས་ཕྲུ་གུར་བདག་སྐྱོང་བྱེད་བདེ་བ།

  མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་ན་བྱིས་པར་བལྟ་རྟོག་དང་ནུ་འོ་བསྣུན་པར་སྟབས་བདེ་ལ།  བྱིས་པའི་ངལ་གསོའི་དུས་ཚོད་ཤེས་ནས་ནུ་འོ་བསྣུན་པའི་གོམས་གཤིས་རིམ་གྱིས་ཆགས་ཐུབ།

གསུམ།  མ་བུའི་བརྩེ་འདང་ཇེ་ཟབ་ཏུ་གཏོང་བར་ཕན་པ།

  མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་ན་མ་བུའི་བར་གྱི་བརྩེ་འདང་ཇེ་ཟབ་ཏུ་གཏོང་ཐུབ་པར་མ་ཟད་བྱིས་པའི་བློ་རིག་འཕེལ་བར་ཡང་ཧ་ཅང་ཕན།  ཨ་མའི་རུམ་དྲོད་དང་དྲི་མ།  སྙན་འཇམ་གྱི་སྐད་ངག་བཅས་ཀྱིས་བྱིས་པར་བདེ་འཇགས་དང་སྤྲོ་སྐྱིད་ཀྱི་ཚོར་སྣང་ཞིག་སྟེར་ཐུབ་ལ་བྱིས་པའི་བློ་རིག་འབྱེད་པར་ཡང་ཕན་པ་ཆེ།

བཞི།  ཨ་མའི་ནུ་འོ་ཇེ་མང་དུ་འགྲོ་བ་དང་ནུ་རྨེན་ཚ་ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ།

   བྱིས་པ་བཙས་རྗེས་ཨ་མའི་བུ་སྣོད་བསྐུམ་པ་དང་མཚན་མ་ལས་ཁྲག་འབུད་པ་ཇེ་

ཉུང་དུ་གཏོང་བ། བྱིས་པ་བཙས་རྗེས་་ལུས་ཕུང་སླར་སོས་པ་ཇེ་མགྱོགས་སུ་གཏོང་

བར་ཕན།  བྱིས་པར་སྔ་མོ་ནས་ནུ་འོ་བསྣུན་པ་དང་དགོས་མཁོ་ལྟར་ནུ་འོ་བསྣུན་ན། 

བུ་སྣོད་སླར་གསོ་ཡོང་བར་མགྱོགས་ཤིང་། དེར་མ་ཟད་ལུས་པོ་བདེ་ཐང་ཡོང་བར་

ཤིན་ཏུ་ཕན། ཡིན་ཡང་མ་བུ་གཉིས་ཁང་བ་གཅིག་ཏུ་བསྡད་ན་ཕྱོགས་འགའ་ལ་དོ་

སྣང་བྱེད་དགོས་ཏེ།

༡  མི་སུ་ཡིན་རུང་བྱིས་པར་མ་ཐུག་སྔོན་ལ་ལག་པ་གཙང་མར་བཀྲུ་བ།

༢  ལོ་བཅུ་གཉིས་མན་གྱི་དབུགས་ལམ་རེད་པའམ་ཡང་ན་ཆམ་ནད་ཕོག་ཡོད་མཁན་བྱིས་པའི་ཁང་བའི་ནང་དུ་མི་འགྲོ་བ།

༣ བྱིས་པ་གཅིག་པུ་ཁང་བའི་ནང་དུ་མི་འཇོག་པ།

ལྔ། མ་བུ་ཁང་གཅིག་ཏུ་བསྡད་ན་བརྩེ་འདང་ཇེ་ཟབ་ཏུ་འགྲོ་བ།

  མ་བུ་གཉིས་ཁང་བ་གཅིག་ཏུ་འདུག་པ་ནི་མ་བུའི་བརྩེ་འདང་ཇེ་ཟབ་ཏུ་གཏོང་བའི་མགོ་རྩོམ་ས་ཞིག་ཡིན།  མ་བུའི་བར་འབྲེལ་འདྲིས་བྱེད་སྟངས་ནི་སྐད་ཆ་ཁོ་ན་མ་ཡིན་པར། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་བོ་བརྒྱུད་དེ་སེམས་ཁོངས་ཀྱི་འབྲེལ་འདྲིས་དང་མྱོང་ཚོར་བསྐྱེད་ཐུབ།  བྱིས་མ་མངལ་དུ་གནས་བ་ནས་བཟུང་ཨ་མའི་སྐད་སྒྲ་ཚོར་ཞིང་རྟོག་ཐུབ།  བྱིས་པར་ཆེས་ཆ་རྒྱུས་ཡོད་པ་ནི་ཨ་མའི་སྙིང་ལྡིང་པའི་སྒྲ་ཡིན་པ་སྨོས་མ་དགོས།  ཨ་མས་བྱིས་པ་པང་དུ་བླངས་ནས་ནུ་འོ་བསྣུན་དུས་ཆ་རྒྱུས་ཡོད་པའི་ཨ་མའི་སྙིང་ལྡིང་བའི་སྒྲ་དེར་ཉན་ན་བྱིས་པར་བདེ་བའི་ཚོར་བ་ཞིག་བྱིན་ནས་དོགས་སྣང་དང་འཚུབ་སྣང་ཇེ་ཉུང་དུ་འགྲོ་ལ་ཁོར་ཡུག་དང་མཐུན་ཐབས་ཀྱི་ནུས་པ་ཇེ་ཆེར་བསྐྱེད་ཐུབ་པ་རེད།

ཨ་མས་བྱིས་པར་འོ་བྱེད་པ་དང་བྲང་ཁར་སྦྱར་བ།  ནུ་འོ་བསྣུན་པ།  ཁྲུས་བྱེད་པ། བྱིལ་བྱིལ་བྱེད་པ་སོགས་ནི་མ་བུའི་རེག་བྱའི་ཚོར་བ་བརྗེ་རེས་བྱེད་སྟངས་གཙོ་བོ་ཞིག་ཡིན་ལ་ཆེས་ཐད་ཀར་དང་གདོད་མའི་བྱེད་ཐབས་ཤིག་ཀྱང་ཡིན་པས།  བརྗེ་རེས་བྱེད་སྟངས་འདིས་མ་བུའི་བརྩེ་འདང་ཇེ་ཟབ་ཏུ་གཏོང་ཐུབ།

   མ་བུ་གཉི་ཀ་ཉིན་རྒྱུན་མཉམ་དུ་བསྡད་ན་བྱིས་པས་ཨ་མའི་ལུས་སྟེང་གི་དྲི་མ་ཚོར་ཐུབ་ཅིང་།  དེ་དང་ཆབས་ཅིག་ཨ་མས་ཀྱང་བྱིས་པའི་ལུས་སྟེང་གི་དྲི་མར་བརྟེན་ནས་དམིགས་བསལ་གྱི་གཉོར་སྐྱོང་བྱེད་དགོས་མིན་བརྡར་ཤ་གཅོད་པ་རེད།

  དེ་ལས་གཞན།  ཆེས་རྒྱུན་མཐོང་གི་རེག་བྱ་ནི་ཨ་མས་བྱིས་པ་པང་དུ་བླངས་ནས་བྱིས་པར་རེག་པའི་ཚོར་བ་བསྐྱེད་པ་དེ་ཡིན།  གསར་དུ་སྐྱེས་པའི་བྱིས་པར་བྱིལ་བྱིལ་དང་འཕུར་མཉེད་བྱས་ན་འཚར་སྐྱེས་འབྱུང་བ་དང་གཉིད་ལ་གོ་རིམ་ལྡན་པ་སོགས་ཀྱི་ཕན་ནུས་ཆེན་པོ་ལྡན་པ་རེད། 

གོང་གསལ་ཤེས་བྱ《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།