ཁྲག་ཤེད་མཐོ་བ་ལ་རྒྱུན་མཐོང་གི་ཞོར་ནད་གང་དག་ཡོད་དམ།

ཁུངས། ཀློག་གྲངས།

གཅིག ཀླད་རྩ་འགག་པ། 

 ཁྲག་ཤེད་མཐོ་བ་ནི་ཀླད་རྩ་འགག་པའི་ཉེན་ཁའི་རྒྱུ་རྐྱེན་རང་རྐྱ་འཕེར་བ་ཞིག་ཡིན་ལ། ཁྲག་ཤེད་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་ཐུབ་ན། ཀླད་རྩ་འགག་པ་སྔོན་འགོག་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཞིབ་འཇུག་ལས་མངོན་པ་ལྟར་ན། ཁྲག་ཤེད་ལ་ཚོད་འཛིན་ནན་མོ་བྱས་ན་ཀླད་རྩའི་ནད་འཕར་བའི་ཉེན་ཁ23%ཀྱིས་ཇེ་དམའ་རུ་གཏོང་ཐུབ།

གཉིས།  སྙིང་གི་ནུས་པ་ཆ་ཚང་མིན་པར་འགྱུར་བ། 

ཁྲག་ཤེད་མཐོ་བ་ལ་རྐྱེན་བྱས་ཏེ་ཁྲག་རྩའི་ནང་ངོས་ལ་རྨ་བཏོད་པ་ནི་འཕར་རྩ་འཇམ་འདྲའི་སྲ་འགྱུར་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཞིག་ཡིན་ལ། ནད་པ་ལ་ལའི་སྙིང་གི་བྱེད་ནུས་ལའང་གནོད་པ་ཐེབས་སྲིད། དེའི་ཁར་རྒན་པ་རྣམས་ཀྱི་ཁྲག་ཤེད་ཇེ་མཐོར་སོང་བ་དང་བསྟུན་ནས་སྙིང་གི་ཁུར་བོ་ཇེ་ལྕིར་སོང་སྟེ་སྙིང་གི་གྲུབ་ཚུལ་དང་བྱེད་ནུས་ལ་འགྱུར་ལྡོག་འབྱུང་བ་ཡིན། དུས་ཡུན་རིང་བོར་ཁྲག་ཤེད་མཐོ་བ་ཡིས་སྙིང་ཤག་གཡོན་པའི་ཁུར་བོ་ཇེ་ལྕིར་སོང་ནས་སྙིང་ཤག་གཡོན་པ་ཇེ་ཆེ་དང་ཇེ་མཐུག་ཏུ་འགྲོ་ལ། དེས་སྙིང་ཤར་ཁྲག་ཆད་པ་དང་སྙིང་གཟེར་ལངས་པ། སྙིང་ལྡིང་ཚད་རྒྱུན་ལྡན་མིན་པ་སོགས་བསྐྱེད་པ་དང་། མཐར་ཁྲག་ཤེད་མཐོ་བའི་སྙིང་ནད་དུ་འགྱུར་ལ། ཐ་ན་སྙིང་ནུས་ཉམས་པའི་སྣང་ཚུལ་ཡང་འབྱུང་ངེས།

གསུམ།   མཁལ་མའི་ནད། 

དུས་ཡུན་རིང་བོར་ཁྲག་ཤེད་མཐོ་བ་ཡིས་མཁལ་མའི་ཟགས་ཐོན་བྱེད་ནུས་ལ་འགལ་རྐྱེན་བཟོས་ཏེ། རྙིང་ཚབ་གསར་བརྗེ་བྱ་དགོས་པའི་སྙིགས་རོ་རྣམས་ལུས་ནང་དུ་བསགས་ནས་མཁལ་རིལ་ཆུང་བའི་གཉན་ཚད་དང་མཁལ་མའི་ནུས་པ་ཆ་མི་ཚང་བའི་ནད་སོགས་བསྐྱེད་ངེས། གལ་ཏེ་དུས་ཡུན་རིང་བོར་ཁྲག་ཤེད་ལ་ཚོད་འཛིན་བྱེད་མ་ཐུབ་ཚེ། མཁལ་རྩ་ནད་ཅན་དུ་གྱུར་ནས་མཁལ་མའི་ཚབ་བརྗེའི་ནུས་པ་ཡོངས་སུ་ཉམས་སྲིད་པ་དང་། མཐར་གཅིན་དུག་ནད་དུ་འགྱུར་བའི་ཉེན་ཁ་ཡོད། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།