དབྱར་དུས་སུ་མཉམ་འཇོག་བྱེད་དགོས་ས་འགའ།

ཁུངས། ཀློག་གྲངས།

དབྱར་ཁ་ནི་དུས་ཚིགས་བཞི་ལས་ཚ་བ་ཆེས་ཆེ་བའི་དུས་ཡིན་པས། ཚང་མས་བཟའ་བཏུང་དང་ལྭ་བ་སོགས་གང་གི་ཐད་ནས་ཀྱང་ཅུང་དོ་སྣང་བྱས་ན་ཤིན་ཏུ་ལེགས་པ་ཡིན། དེ་ན་ཞོལ་ནས་ཕྱོགས་གང་དག་ལ་མཉམ་འཇོག་བྱེད་དགོས་པའི་སྐོར་ངོ་སྤྲོད་ཅིག་བྱེད། 

གཅིག  ཆུ་མགྱོགས་པོར་འཐུང་མི་རུང་བ།

གནམ་གཤིས་ཚ་བ་ཆེ་བ་དང་རྔུལ་ཆུ་ཡང་ཡང་བཞུར་བས། མི་མང་པོ་ཞིག་ལ་ཆུ་གྲང་མོ་འཐུང་བ་དང་ཆུ་མགྱོགས་པོར་འཐུང་བའི་གོམས་གཤིས་ཡོད། དུས་ནམ་ཡིན་རུང་ཆུ་འཐུང་བ་ནི་ཤིན་ཏུ་གལ་ཆེ་མོད། འོན་ཀྱང་མགྱོགས་པོར་འཐུང་མི་རུང་། ཐེངས་རེར་ཧའོ་ཧྲེང100ནས150བར་འཐུང་ཚེ་འཚམ་པོ་ཡིན་ལ། ཆུ་དྲོད་འཇམ་འཐུང་ན་གྲང་མོ་འཐུང་པ་ལས་སྐོམ་པ་སེལ་སླ་བ་དང་གཟུགས་པོར་ཡང་སྔར་བས་ཕན་པ་ཆེན་པོ་ལྡན།

གཉིས།  མཇིང་ཚིགས་མི་འཁྱག་པ་བྱེད་དགོས།

དབྱར་དུས་ཚ་བ་ཆེ་བའི་དུས་སུ་མི་ཁ་ཤས་དྲོད་སྙོམས་འཕྲུལ་ཆས་འགྲམ་དུ་འདུག་པའི་གོམས་གཤིས་ཡོད། གལ་སྲིད་དྲོད་སྙོམས་འཕྲུལ་ཆས་དང་བར་ཐག་ཉེ་དྲགས་ཚེ་མཇིང་པའི་རྩ་འཁུམ་པ་དང་སྒལ་བ་སོགས་ན་སྟེ། མཇིང་ཚིགས་ཀྱི་ནད་ཕོག་ཉེན་ཆེ། དེར་བརྟེན། དྲོད་སྙོམས་འཕྲུལ་ཆས་དང་བར་ཐག་ཉེ་སར་འདུག་མི་རུང་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ26ལས་དམའ་མི་རུང་། རབ་ཡིན་ན་སྟོད་ཐུང་གྱོན་ནས་བསྡད་ན་ཤིན་ཏུ་བཟང་། 

གསུམ།  ཁྱིམ་ལ་གཙང་སྦྲ་བྱེད་དགོས།

དྲོད་གཤེར་ལྡན་པའི་སྐབས་ནི་འབུ་ཕྲ་དང་ནད་དུག་མང་ཤོས་ཐོན་པའི་དུས་ཤིག་ཡིན། མི་མང་ཆེ་བས་དེ་དག་ཕྱི་ནས་བྱུང་བ་རེད་སྙམ་མོད། དོན་དངོས་སུ་སོ་སོའི་ཐབ་ཚང་དུའང་ཐབ་ངོས་ཀྱི་ཐལ་རྡུལ་དང་མེ་ཏོག་གི་རྡུལ་སོགས་ཀྱིས་ཀྱང་མིར་གནོད་འཚེ་བཟོ་བའི་ཉེན་ཁ་ཆེན་པོ་ཡོད། དེ་བས་དབྱར་དུས་ཁྱིམ་ལ་ཉུང་མཐའ་ཡང་ཉིན་གཉིས་ནང་གཙང་སྦྲ་ཐེངས་རེ་བྱེད་དགོས།

བཞི།  མིག་ལ་ཉི་ཟེར་ཕོག་པར་དོགས་ཟོན་བྱེད་དགོས།

དབྱར་དུས་ཉི་མའི་འོག་ཏུ་འདུག་ཡུན་རིང་བའམ་ལས་ཀ་ལས་ཚེ་རྒས་སླ་བ་དང་མིག་ནད་སོགས་ཀྱང་ཕོག་སླ་བ་རེད། དེ་བས། གལ་སྲིད་སྔ་དྲོའི་དུས་ཚོད10ནས་ཕྱི་དྲོའི་དུས་ཚོད4ཡི་གཡས་གཡོན་ལ་ཕྱི་ནས་བསྡད་ཚེ། ཞྭ་མོ་གྱོན་པ་དང་། ཉི་གདུགས་དང་མདོག་ལྡན་མིག་ཤེལ་སོགས་བརྒྱབ་ན་མིག་ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ། དབྱར་དུས་འབུ་ཕྲ་དང་ནད་དུག་མང་པོ་ཡོད་པས་ལག་པའི་གཙང་སྦྲར་དེ་བས་དོ་སྣང་བྱེད་དགོས་པར་མ་ཟད། ལག་པས་གང་བྱུང་དུ་མིག་ འཕུར་མི་རུང་།

ལྔ།  ཕོ་བ་མི་འཁྱག་པར་བྱེད་དགོས།

དབྱར་དུས་ནི་རྒྱུ་མའི་གཉན་ཚད་འབྱུང་སླ་བའི་དུས་ཤིག་ཡིན་ལ། འབུ་ཕྲ་དང་ནད་དུག་སོགས་ཀྱི་དབང་གིས་ཕོ་བ་དང་རྒྱུ་མའི་ནད་ཕོག་སླ་བའི་དུས་སྐབས་ཤིག་ཀྱང་རེད། མི་རྣམས་ཀྱིས་འཁྱག་ཟས་དང་ལྷག་པར་དུ་སིལ་ཏོག་སོགས་མ་བཀྲུས་པར་ཟོས་ན། ཕོ་རྒྱུའི་གཉན་ཚད་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད། དེ་བས།  ནམ་རྒྱུན་འཁྱག་ཟས་ཀྱི་རིགས་ཉུང་ཙམ་བཟའ་དགོས་པར་མ་ཟད། ཞོགས་པར་ལངས་མ་ཐག་དང་དགོང་མོ་ཉལ་ཁར་བཏུང་བྱ་གྲང་མོའི་རིགས་ཉུང་ཙམ་འཐུང་དགོས། 

རྩོམ་སྒྲིག་པ།  གཡང་མོ་སྒྲོལ་མ།