
སྟོན་མགོ་ཚུགས་རྗེས། དྲོད་ཚད་རིམ་བཞིན་མར་ཆག་པ་དང་གནམ་གཤིས་སྐམ་ཤས་ཆེ་བས། སྟོན་དུས་
སུ་འབྱུང་རྒྱུ་མང་བའི་ནད་རིགས་སྣ་ཚོགས་དང་ལྷག་པར་དུ་འགོས་གཤིས་ནད་རིགས་ཇེ་མང་དུ་འགྲོ་མགོ་ཚུགས་ཡོད། སྟོན་དུས་ཀྱི་འགོས་ནད་ཇི་ལྟར་སྔོན་འགོག་ནུས་ལྡན་བྱ་དགོས་པའི་སྐོར་ལ་གསར་འགོད་པས་ཐེན་ཅིན་གསོ་རིག་སློབ་ཆེན་སྤྱི་ཁྱབ་སྨན་ཁང་གི་འབྱིན་རྔུབ་དང་ཚབས་ཆེའི་ནད་རྟགས་གསོ་རིག་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཀྲའོ་ཧའེ་ཡན་ལ་བཅར་འདྲི་བྱས་ཡོད།
ཀྲའོ་ཧའེ་ཡན་གྱིས་བཤད་རྒྱུར། རྒྱུན་དུ་མཐོང་བའི་སྟོན་དུས་འགོས་ནད་ནང་འབྱིན་རྔུབ་མ་ལག་གི་འགོས་ནད་དེ། དཔེར་ན། ཆམ་རིམས་དང་གློ་ཚད་ལྟ་བུ་དང་། འཇུ་ལམ་གྱི་འགོས་ནད་དེ། དཔེར་ན། ནད་དུག་རང་བཞིན་གྱི་ཁོག་པ་བཤལ་བ དེ་བཞིན་མྱུར་ལངས་ཁྲག་རྡོལ་རང་བཞིན་གྱི་འབྲེལ་སྐྱི་ཚ་ནད(མིག་དམར་པོར་འགྱུར་བའི་ནད)སོགས་ལྟ་བུ་ཡོད། རྒན་རྒོན་དང་ལོ་ཆུང་བྱིས་པའི་ནད་འགོག་ནུས་པ་ཅུང་ཞན་པས་ལྷག་པར་དུ་དོགས་ཟོན་བྱ་དགོས་པས་གཤམ་གྱི་དོན་ཚན་འགའ་ལ་དོ་སྣང་བྱས་པ་ཧ་ཅང་ལེགས།
གཅིག མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས།
རྒྱུན་དུ་ལག་པ་བཀྲུ་བའི་གོམས་གཤིས་བཟང་བོ་ཆགས་དགོས་པ་དང་། ལྷག་པར་དུ་ཟ་མ་མ་ཟོས་པའི་སྔོན་དང་ཆབ་གསང་བཏང་རྗེས། གློ་ལུ་བའམ་ཧབ་སྦྲིད་བརྒྱབ་རྗེས། སྤྱི་སྤྱོད་དངོས་རྫས་ལ་རེག་རྗེས་བཅས་སུ་འདག་རྫས་དང་བཞུར་ཆུ་བཀོལ་ནས་ལག་པ་གཙང་མར་བཀྲུས་ཏེ། ནད་དུག་དང་ཕྲ་སྲིན་མཆེད་པ་ཇེ་ཉུང་དུ་གཏང་དགོས། དུས་བཅད་ལྟར་སྡོད་གནས་ཀྱི་ཁོར་ཡུག་གཙང་སྦྲ་བྱ་དགོས་པ་དང་། ལྷག་པར་དུ་རྒྱུན་དུ་འབྲེལ་འདྲིས་བྱེད་པའི་དངོས་པོའི་ཕྱི་ངོས་ཏེ། དཔེར་ན་སྒོའི་འཆང་ལུང་དང་ཅོག་ངོས། ལག་འཁྱེར་ཁ་པར་སོགས་ལྟ་བུ། ཁང་བའི་ནང་གི་མཁའ་རླུང་འཁོར་རྒྱུག་རྒྱུན་འཁྱོངས་བྱས་ཏེ། རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་དང་། གྱོན་གོས་དང་ཉལ་ཐུལ་རྒྱུན་དུ་བརྗེས་ནས་བཀྲུ་དགོས་པར་མ་ཟད། ཉི་མར་བསྐམས་ནས་མི་མངོན་པའི་ནད་དུག་གསོད་དགོས། མིག་དང་སྣ། ཁ་བཅས་ལ་ལག་པས་རེག་པའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས། གནས་འདི་དག་ནི་ནད་དུག་དང་ཕྲ་སྲིན་ལུས་ཕུང་དུ་ཞུགས་པའི་བརྒྱུད་ལམ་གཙོ་བོ་ཡིན།
གཉིས། བཟའ་བཏུང་དང་ངལ་གསོ་ལུགས་མཐུན་བྱེད་དགོས།
སྟོན་ཁར་གནམ་གཤིས་སྐམ་ཤས་ཆེ་བས། ཆུ་མང་ཙམ་བཏུང་དགོས་པ་དང་། འཚོ་བཅུདCདང་སྤྲི་དཀར་རྫས་འདུས་པའི་ཟས་རིགས་མང་ཙམ་བཟའ་དགོས། དཔེར་ན་སྔོ་ཚོད་དང་ཤིང་ཏོག་གསར་བ། འབྲུ་རིགས། ཤ་སྣག་སོགས་ལྟ་བུ། ཟས་རིགས་འདི་དག་གིས་ལུས་ཕུང་གི་རིམས་འགོག་ནུས་པ་མཐོར་འདེགས་གཏོང་བ་དང་། ནད་རིགས་ཀྱི་གནོད་འཚེ་འགོག་པར་ཕན་པ་ཡོད། གཉིད་ཀྱི་དུས་ཚོད་འདང་ངེས་ཤིག་ཁག་ཐེག་བྱ་དགོས་ཏེ། དགོང་མ་རེར་ཆུ་ཚོད7ནས9བར་གཉིད་དགོས། གཉིད་འདང་ངེས་ཤིག་ལོག་ན་ལུས་ཕུང་སླར་གསོ་དང་རིམས་འགོག་ནུས་པ་མཐོར་འདེགས་གཏོང་ཐུབ་ལ། འགོས་ནད་འབྱུང་བའི་ཉེན་ཁ་ཡང་ཇེ་ཆུང་དུ་གཏོང་ཐུབ།
གསུམ། ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་དགོས།
རང་ཉིད་ལ་འཚམ་པའི་འགུལ་སྐྱོད་བྱེད་སྟངས་ཤིག་གདམ་དགོས་པ་སྟེ། དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་དལ་རྒྱུག་བྱེད་པ། ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་ལྟ་བུ། ལུས་རྩལ་སྦྱོང་བརྡར་འོས་འཚམ་བྱས་ན་ལུས་ཕུང་གི་ནད་འགོག་ནུས་པ་མཐོར་འདེགས་དང་ནད་རིགས་འབྱུང་ཚད་ཇེ་དམའ་རུ་གཏོང་བར་ཕན་པ་ཡོད།
བཞི། དུས་ཐོག་ཏུ་འགོག་སྨན་བརྒྱག་དགོས།
འཕྲོད་བསྟེན་སྡེ་ཁག་གིས་དུས་ཐོག་ཏུ་ཆམ་རིམས་དང་གློ་ཚད་སོགས་སྟོན་དུས་ཀྱི་རྒྱུན་མཐོང་འགོས་ནད་ཀྱི་རིམས་འགོག་སྨན་ཁབ་བརྒྱག་དགོས་པའི་བསམ་འཆར་བཏོན་པ་རེད། བྱིས་པ་དང་རྒན་རྒོན་ལ་མཚོན་ན་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན།
ལྔ། མི་ཚོགས་འདུ་སར་ཉུང་འགྲོ་བྱེད་དགོས།
མི་མང་ཞིང་འཚང་ཁ་ཆེ་བ་དང་རླུང་རྒྱུ་བ་མི་ལེགས་པའི་སྤྱི་པའི་འདུ་ར་སྟེ། དཔེར་ན་ཚོང་ར་དང་སྒོ་རྩིས་ཚོང་ཁང་། གློག་བརྙན་ཁང་སོགས་སུ་གང་ཐུབ་ཀྱིས་མི་འགྲོ་བ་དང་། གལ་ཏེ་ངེས་པར་དུ་འགྲོ་དགོས་ན། ཁ་ཐུམ་བརྒྱག་དགོས་པར་མ་ཟད་གནས་དེར་སྡོད་པའི་དུས་ཚོད་ཀྱང་ཇེ་ཐུང་དུ་གཏང་དགོས།
དྲུག ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས།
སྟོན་དུས་སུ་ནམ་ཟླའི་འགྱུར་ལྡོག་ཆེ་བས། དུས་ཐོག་ཏུ་གྱོན་ཆས་ཇེ་མཐུག་ཇེ་སྲབ་ཏུ་བཏང་སྟེ་དྲོད་ཚད་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཆམ་ནད་མི་ཕོག་པ་བྱ་དགོས། དེའི་རྒྱུ་མཚན་ནི་འགོས་ནད་མང་བོ་ཞིག་གི་འབྱུང་རྐྱེན་ནི་ཆམ་ནད་ཡིན་པ་རེད།
བདུན། མི་སྒེར་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས།
ལུས་ཕུང་གི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱ་དགོས། གལ་ཏེ་ཚ་རྒྱས་པ་དང་གློ་ལུ་བ། ཤུགས་ཞན་པ་སོགས་ཀྱི་ནད་རྟགས་ཡོད་ཚེ། དུས་ཐོག་ཏུ་སྨན་པར་སྟོན་དགོས་པར་མ་ཟད། སྨན་པར་རང་ཉིད་ཀྱི་གནས་ཚུལ་གསལ་བོར་བྱེད་དགོས།
བརྒྱད། བདེ་ཐང་སློབ་གསོར་ཤུགས་བརྒྱག་དགོས།
ཐབས་ལམ་སྣ་ཚོགས་བརྒྱུད་དེ་སྟོན་དུས་ཀྱི་འགོས་ནད་སྔོན་འགོག་གི་ཤེས་བྱ་རྒྱུས་ལོན་བྱས་ནས་འགོག་སྲུང་གི་འདུ་ཤེས་མཐོར་འདེགས་གཏོང་དགོས། དེ་དང་ཆབས་ཅིག་ཏུ་ཁྱིམ་མི་དང་གྲོགས་པོ། ལས་གྲོགས་བཅས་ལ་འབྲེལ་ཡོད་ཤེས་བྱ་བརྒྱུད་སྒྲོག་བྱས་ནས་ཐུན་མོང་སྒོས་འགོས་ནད་སྔོན་འགོག་གི་ལས་དོན་ཡག་པོར་བསྒྲུབ་དགོས་ལ། འཕྲོད་བསྟེན་སྡེ་ཁག་དང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་བསྒྲགས་ལ་དོ་སྣང་བྱ་དགོས།
གོང་གསལ་བྱེད་ཐབས་དེ་དག་ལེགས་པོར་སྤྱད་ན་སྟོན་དུས་ཀྱི་འགོས་ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་། རང་ཉིད་དང་ཁྱིམ་མིའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པ་རེད།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།