
ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས། རྒན་པ་རྣམས་ལ་གཉིད་མི་ཁུག་པའི་གནས་ཚུལ་མང་པོ་འབྱུང་སྲིད། ལོ60ཡན་གྱི་རྒན་པ་རྣམས་ནི་གཉིད་མི་ཁུག་པའི་མི་ཚོགས་རེད། རྒན་པ་མང་པོ་ཞིག་གཉིད་ཁུག་དཀའ་བ་དང་ནངས་སྔ་མོ་ནས་སད་པ། མཚན་མོར་ཡང་ཡང་ལངས་དགོས་པ། གཉིད་གཏིང་ནས་མི་ཁུག་པ། ཉིན་མོར་གཉིད་རྒྱུར་དགའ་བ་སོགས་ཀྱི་གནད་དོན་འབྱུང་། ཡུན་རིང་པོར་གཉིད་བཟང་པོ་མ་ཁུག་ན་མགོ་ཡུ་འཁོར་བ་དང་ཤེད་ཤུགས་ཉམས་པ། སུན་སྣང་སྐྱེ་བ་བཅས་འབྱུང་སྲིད་པར་མ་ཟད། ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་། གཅིན་སྙི་ཟ་ཁུའི་ནད་དང་ཀླད་སྙིང་ཁྲག་རྩའི་ནད་ཇེ་སྡུག་ཏུ་འགྲོ་བ། ཤེས་པ་ཉམས་ཞན་དུ་འགྲོ་བ་བཅས་བྱེད་ཅིང་། ཐ་ན་སེམས་ཁྲལ་དང་སྐྱོ་སྣང་འབྱུང་བས། རྒན་པ་རྣམས་ཀྱི་འཚོ་བའི་སྤུས་ཀ་ཚབས་ཆེན་པོས་ཇེ་དམའ་རུ་གཏོང་བཞིན་ཡོད། རྒན་པ་ལ་ལས་རང་རྟོགས་སྒོས་གཉིད་ཁུག་པའི་སྨན་ཉོས་ནས་འཐུང་བ་དང་། འཐུང་ཐུན་མང་ཞིང་ཡུན་རིང་ལ་འཐུང་བ་སོགས་ཀྱི་
གནད་དོན་ཀྱང་མཆིས། གཉིད་དུ་ཡུར་བ་ནི་རྒན་པའི་བདེ་ཐང་གི་རྨང་རྡོ་ལྟ་བུ་ཡིན་པས། གཉིད་མ་ཁུག་པ་ནི་ཨུ་ཚུགས་ཀྱིས་བཟོད་བསྲན་བྱས་ནས་བསྡད་ན་དྲག་འགྲོ་བ་ཞིག་མིན་ལ། སྨན་ལ་བརྟེན་ནས་ཐག་གཅོད་ཐུབ་པ་ཞིག་དེ་
བས་ཀྱང་མིན།
གཉིད་ཀྱི་སྤུས་ཀ་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན།
རྒན་པ་རྣམས་ཀྱི་གཉིད་ཀྱི་སྤུས་ཀ་ཇེ་ཞན་དུ་འགྲོ་བ་ནི་ལུས་ཁམས་དང་ནད་གཞི། སེམས་ཁམས། སྨན་རྫས་བཅས་ཀྱི་རྒྱུ་རྐྱེན་བཞི་ལས་བྱུང་བ་རེད།
ལུས་ཁམས་ནི་ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས། ལུས་ཀྱི་གཉིད་འཕེལ་རྒྱུ་དལ་གྱིས་ཇེ་ཉུང་དུ་སོང་བས། གཉིད་ཁུག་ཡུན་ཇེ་ཐུང་དུ་འགྲོ་བ་དང་ནམ་ཕྱེད་དུ་སད་སླ།
ནད་གཞིའི་ཕྱོགས་ནས་རྒན་པ་མི་ཉུང་བ་ཞིག་ལ་ལྒང་པ་ཁ་འཆུས་ཀྱི་ནད་དང་རུས་ཚིགས་ཚ་ནད། གློ་ལུ། པགས་པར་ཟ་འཕྲུག་ལངས་པ་སོགས་ཀྱི་གནད་དོན་ཡོད་པས་གཉིད་ཁུག་པར་གེགས་བྱས་པ་རེད།
སེམས་ཁམས་ཀྱི་ཆ་ནས་རྒན་པ་ལ་ལས་བསམ་བློ་གཏོང་རྒྱུ་མང་དྲགས་ཤིང་། དཔེར་ན། ཁེར་སྡོད་ལ་སྐྲག་པ། བུ་ཕྲུག་ལ་སེམས་ཁུར་བྱེད་པ། ནད་ལ་འཇིགས་སྣང་སྐྱེས་པ་སོགས་ཀྱི་དབང་གིས་ཇི་ལྟར་གཉིད་བསམ་ན་དེ་ལྟར་གཉིད་མི་ཁུག་པའི་གནས་སྟངས་ངན་པ་ཆགས་པ་རེད།
སྨན་ཁ་ཤས་ཤིག་སྟེ། ཁྲག་ཤེད་སྙོམ་པའི་སྨན་དང་སྐུལ་རྒྱུ་རིགས་ཀྱི་སྨན། དབུགས་སྙོམ་སྨན་བཅས་ཀྱིས་དབང་རྩར་ན་ཟུག་བསླངས་ནས་གཉིད་མི་ཁུག་པའི་ནད་གཞི་ཇེ་ལྕི་རུ་གཏོང་བཞིན་ཡོད།
གང་འདོད་དུ་སྨན་བསྟེན་མི་རུང་།
རྒན་པ་ཁ་ཤས་ཤིག་ལ་གཉིད་མི་ཁུག་པའི་གནས་ཚུལ་བྱུང་ན། རང་རྟོགས་སྒོས་གཉིད་ལ་ཕན་པའི་སྨན་ཉོ་བ་ནི་ནོར་འཁྲུལ་ཞིག་རེད། ཨེ་སི་ཙའོ་ལེན་དང་ཨ་ཕུའུ་ཙའོ་ལེན་སོགས་ཀྱི་སྨན་འཐུང་ན་ཡུན་ཐུང་ཞིག་ལ་གཉིད་ཁུག་མོད། འོན་ཀྱང་རྒན་པ་རྣམས་ཀྱི་རྙིང་ཚབ་གསར་འབྱེད་ནུས་པ་ཞན་པས་སྨན་གྱི་གྲུབ་ཆ་སྔར་བཞིན་དབང་རྩར་གནས་ཡོད་ལ། ཉིན་གཉིས་པར་བཟི་བའི་ཚོར་བ་འབྱུང་། དཔེར་ན། མགོ་ཡུ་འཁོར་བ་དང་གོམ་པ་མི་བརྟན་པའི་སྣང་ཚུལ་འབྱུང་བ་དང་། ཐང་ལ་འགྱེལ་བའི་ཉེན་ཁའང་ཆེ་རུ་འགྲོ་བ་ཡིན། དེ་ལས་གཞན་རྒན་པ་རྣམས་ཀྱིས་ཡུན་རིང་ལ་སྨན་འདིའི་རིགས་འཐུང་ན། སྨན་ལ་བརྟེན་འདོད་ཀྱི་འདུན་པ་ཇེ་དྲག་དང་བཟོད་སྲན་ཆེ་རུ་ཕྱིན་ཏེ། སྨན་བསྟེན་མཚམས་བཞག་ན་སེམས་འཚབ་པ་དང་རྔུལ་ཆུ་བཞུར་བ། མཚན་གང་བོར་གཉིད་མི་ཁུག་པའི་སྣང་ཚུལ་འབྱུང་བར་མ་ཟད་དྲན་པར་ཡང་གནོད་པ་ཡོད།
ནད་ཐོག་སྨན་བཅོས་ཀྱིས་རྒན་པ་རྣམས་གཉིད་མི་ཁུག་པ་ལ་རིམ་པ་བཀར་ནས་སྨན་འཐུང་བའི་རྩ་དོན་ཡོད་དེ། སྔོན་ལ་སྨན་མི་འཐུང་བར། དགོས་ངེས་ཀྱི་སྐབས་སུ་ད་གཟོད་དུས་ཡུན་ཐུང་ཞིང་དབང་རྩར་ལྷག་རོ་མི་གནས་པ་དང་བདེ་འཇགས་ཀྱི་ཚད་གཞི་མཐོ་བའི་གཉིད་སྨན་བསྟེན་པར་བྱའོ། །
གཉིད་སྨན་མི་བསྟེན་པ་གཙིགས་སུ་བཟུང་ན་སླར་སྐྱོན་གང་ཡང་མེད་ལ་རྒན་པ་ཀུན་ལ་འཚམ། གཉིད་སྨན་མི་བསྟེན་པར་དུས་ལྟར་མལ་ལས་ལངས་པ་དང་དུས་ལྟར་ཉལ་བ། ཉིན་གུང་གཉིད་ན་སྐར་མ་སུམ་ཅུ་ལས་མི་བརྒལ་བ། འོས་འཚམས་ཀྱིས་སྦྱོང་བརྡར་དང་འཆམ་འཆམ་དུ་འགྲོ་བ་སོགས་བྱས་ན་གཉིད་ཁུག་པར་ཕན། དགོང་མོ་གཉིད་མ་ལོག་པའི་སྔོན་ལ། ཁ་པར་དང་བརྙན་འཕྲིན་སོགས་གློག་རྡུལ་རིགས་ལ་མང་པོ་ལྟ་མི་རུང་། ཆང་དང་ཇ་ཁ་མོ། ཁོ་ཧྥེ་བཅས་མི་འཐུང་བ། ཆང་གིས་གཉིད་ཁུག་པར་རམ་འདེགས་ཙམ་ཐུབ་ནའང་། ནམ་ཕྱེད་ལ་གཉིད་མི་ཁུག་པར་སད་ཚད་ཇེ་དྲག་ཏུ་གཏོང་སྲིད། ཉལ་ཁང་ལྷིང་འཇགས་ཡིན་དགོས་ལ་དཀར་གསལ་ཆེ་དྲགས་ན་མི་བཟང་། གཉིད་པའི་སྔོན་ལ་རྐང་པ་བཀྲུ་བ་དང་གཞས་སྙན་མོར་ཉན་པ། ཆུ་ཉུང་ཙམ་འཐུང་བ་བཅས་རྒྱུན་བསྐྱངས་ན་གཉིད་ཁུག་པར་ཕན། སེམས་འཚིག་པ་དང་ཡི་མུག་པ་སོགས་ཀྱི་གནས་ཚུལ་ཡོད་པའི་རྒན་པ་རྣམས་ཀྱིས་སེམས་ཁམས་སྙོམ་སྒྲིག་བྱེད་དགོས།
འདི་ལྟར་ཟླ་གཅིག་དང་གཉིས་ལ་སྨན་མ་འཐུང་བར་རྒྱུན་བསྐྱངས་རུང་འབྲས་བུ་མ་བྱུང་ཚེ། ཚད་ལྡན་སྨན་ཁང་གི་དབང་རྩའི་ཁོང་ནད་ཚན་ཁག་དང་རྒན་པའི་ཚན་ཁག གཉིད་ཡུར་ཆེད་ལས་ཚན་ཁག་ཏུ་སོང་ནས་སྨན་པར་སྟོན་དགོས་ཤིང་། སྨན་པའི་ངག་བཞིན་ཚད་ལྡན་གྱིས་སྨན་བསྟེན་དགོས། སྨན་པས་རྟག་ཏུ་ནད་པར་དུས་ཐུང་གཉིད་སྨན་ཏེ། དཔེར་ན། ཙའོ་ལེན་ཏན་དང་ཀྲ་ལེ་ཕུའུ་ལུང་སོགས་བྱིན་ནས་འཐུང་དུ་འཇུག་པ་ཡིན། སྨན་འདིའི་རིགས་ཀྱི་ནུས་པ་འཕེལ་ཚུལ་མགྱོགས་ལ། ཉིན་གཉིས་པར་ངལ་དུབ་འབྱུང་བ་དང་ཐང་ལ་འགྱེལ་བའི་ཉེན་ཁ་ཆུང་སྟབས་རྒན་པ་རྣམས་ལ་འཚམ། ཡིད་གཟབ་བྱ་དགོས་པ་ཞིག་ནི་སྨན་འཐུང་ཡུན་གཟའ་འཁོར4ལས་བརྒལ་མི་རུང་བ་དང་ཡུན་རིང་ལ་འཐུང་མི་རུང་།གཉིད་འཕེལ་རྒྱུ་ཟགས་ཐོན་བྱེད་ཚད་མི་འདང་བའི་སྟབས་ཀྱིས་གཉིད་ཁུག་པར་ཆོས་ཉིད་མེད་ལ་ནངས་སྔ་མོ་ནས་སད་པའི་རྒན་པ་རྣམས་ཀྱིས་སྨན་པའི་ངག་བཞིན་གཉིད་འཕེལ་རྒྱུ་ཁ་གསབ་བྱེད་དགོས།
རྒན་པ་ཁ་ཤས་ཤིག་ལ་སེམས་ཁམས་ཀྱི་གནད་དོན་ཡོད་ཅིང་། གཉིད་མི་ཁུག་པ་རྣམས་ལ་རྟག་ཏུ་ཡི་མུག་པ་དང་སེམས་འཚིག་པའི་གནས་ཚུལ་ཡོད་སྟབས། སྤྱིར་བཏང་དུ་གཉིད་མི་ཁུག་པའི་གནད་དོན་གྱི་འབྱུང་རྩ་གསོ་བཅོས་མ་བྱས་ན་ཅིའང་མི་ཕན། སྨན་པས་ནད་པར་སེམས་འཚིག་པ་དང་ཡི་མུག་པ་འགོག་ཐུབ་པའི་སྨན་བྱིན་ན་གཉིད་མི་ཁུག་པ་ལེགས་བཅོས་བྱེད་ཐུབ། ཡིད་གཟབ་བྱ་དགོས་པ་ཞིག་ནི་ནད་པས་ཁམས་བདེ་རིགས་ཀྱི་སྨན་གང་བྱུང་དུ་མི་འཐུང་བར་དབུགས་རྒྱུན་འགག་པར་གཟབ་དགོས།
རྒན་པ་རྣམས་ཀྱིས་སྨན་བསྟེན་པར་གཤམ་གྱི་དོན་ཚན་དག་ཡིད་ལ་འཛིན་དགོས། གང་འདོད་དུ་སྨན་ཇེ་མང་དུ་གཏོང་མི་རུང་། ཡུན་རིང་བོར་སྨན་འཐུང་མི་རུང་། ཆང་དང་མཉམ་དུ་འཐུང་མི་རུང་། གང་འདོད་དུ་ཁམས་བདེའི་རིགས་ཀྱི་བདེ་སྲུང་སྨན་འཐུང་མི་རུང་། སྨན་འཐུང་རྗེས་མལ་ཁྲིའི་སྟེང་དུ་ཉལ་ནས་ཐང་ལ་འགྱེལ་བར་གཟབ་དགོས། དུས་བཅད་ལྟར་བསྐྱར་རྟགས་བྱེད་པ་དང་། ནད་གཞི་ཇེ་བཟང་དུ་སོང་ན་སྨན་པའི་ངག་བཞིན་སྨན་ཇེ་ཉུང་དུ་གཏོང་བའམ་འཐུང་མཚམས་འཇོག་དགོས། མཁལ་མའི་ནུས་པ་མི་བཟང་བ་དང་དལ་གཤིས་གློ་འགག་ནད། ཧོན་ལོག་པའི་ནད་ཡོད་པ་དག་གིས་སྨན་པར་བསྟེན་དུས། སྨན་པར་རང་གི་ནད་རྟགས་གསལ་བར་བཤད་དེ་བཏུང་བྱའི་སྨན་དང་འཐུང་ཐུན་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས། །
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།