བུད་མེད་ལ་མངལ་སྦྲུམ་དུས་ཀྱི་གཙང་སྦྲའི་སློབ་སྟོན།

ཁུངས། ཀློག་གྲངས།

བུད་མེད་ལ་མངལ་ཆགས་རྗེས་མངལ་གནས་ཀྱི་ལུས་ཀྱི་འགྱུར་བ་དང་བསྟུན་ནས་ཨ་མའི་ལུས་ཁམས་ལའང་འགྱུར་བ་སྣ་ཚོགས་འབྱུང་བཞིན་ཡོད།  དེ་བས་མ་བུ་གཉིས་བདེ་ཐང་ངང་གནས་པའི་ཆེད་དུ་སྦྲུམ་མར་གཙང་སྦྲའི་སློབ་སྟོན་བྱེད་པ་ཤིན་ཏུ་གལ་ཆེ།

དང་པོ། བཟའ་བཏུང་དང་འཚོ་བཅུད་ཀྱི་སློབ་སྟོན།

སྦྲུམ་བུ་ལ་འཚོ་བཅུད་འདང་བ་དང་བདེ་ཐང་ངང་འཚར་སྐྱེས་འབྱུང་ཐུབ་པའི་ཆེད་དུ་ཚུལ་མཐུན་གྱི་འཚོ་བཅུད་བསྟེན་དགོས།

གཅིག  ཚ་ཚད།  མངལ་སྦྲུམ་པའི་སྐབས་སུ་མངལ་གནས་སྦྲུམ་བུ་དང་བུ་རོགས།  ཨ་མའི་ལུས་ཁམས་འཕེལ་སྐྱེ།  སྤྲི་དཀར་དང་ཚིལ་རིགས་ལུས་ལ་གསོག་པ།  བརྗེ་ཚབ་འཕེལ་བའི་དགོས་མཁོ་དང་བསྟུན་ཆེད། སྦྲུམ་མར་ཚ་ཚད་ཀྱི་མཁོ་ཚད་ཀྱང་ཇེ་མཐོར་འགྲོ་བ་ཡིན།  ལྷག་པར་དུ་མངལ་སྦྲུམ་པའི་དུས་བར་མ་དང་དུས་མཇུག་ཏུ་ཤིན་ཏུ་མཁོ། ཚ་ནུས་ནི་ཟས་རིགས་ལས་སྤྲི་དཀར་དང་ཚིལ་རིགས། ཐཱན་ཆུ་འདྲེས་སྦྱོར་དངོས་པོ་ལས་ཐོན་པས་དེའི་རིགས་ཁ་སྣོན་བྱས་ཏེ་ལུས་ཁམས་ཀྱི་ཚ་ནུས་ཆ་སྙོམས་བྱེད་དགོས།

གཉིས།  སྤྲི་དཀར།  ལུས་ཁམས་ལ་མཁོ་བའི་འཚོ་བཅུད་རྫས་གཙོ་བོ་ཞིག་ཡིན། ཕུང་གྲུབ་དང་ཕྲ་ཕུང་གི་གྲུབ་ཆ་ཡིན་པར་མ་ཟད།  ཚ་ནུས་མཁོ་འདོན་བྱེད་པར་ཡང་མེད་དུ་མི་རུང་།  ལྷག་པར་དུ་སྦྲུམ་མར་སྤྲི་དཀར་མཁོ་ཚད་ཇེ་མཐོར་འགྲོ་བ་ཡིན།  ཟས་རིགས་ལས་སྤྲི་དཀར་ནི་སྲན་རིགས་དང་སྒོ་ངའི་རིགས།  ཤ་རིགས་བཅས་ལས་ཐོན་པ་ཡིན།

གསུམ།  འཚོ་བཅུད་རྫས།  བདེ་ཐང་རྒྱུན་འཁྱོངས་དང་འཚར་སྐྱེས་ལ་སྐུལ་འདེད།  རོ་ཙའི་ནུས་པ་སྙོམས་སྒྲིག་བྱེད་པའི་འཚོ་བཅུད་རྫས་ཤིག་ཡིན།  གལ་ཏེ་སྦྲུམ་མར་འཚོ་བཅུད་རྫསA、B、C、D、Eདང་ལོ་མའི་སྐྱུར་རྒྱུའི་མ་འདང་ན་མངལ་ཤོར་བ་དང་ཡ་མ་གཟུགས།  མངལ་ཤི་འབྱུང་བའི་ཉེན་ཁ་ཆེ། འཚོ་བཅུད་རྫས་འདི་རིགས་ཀྱི་ཡོངས་ཁུངས་ནི་སྔོ་ཚོད་རིགས་དང་སིལ་ཏོག  སྲན་རིགས།  ཤ་རིགས་བཅས་ཡིན།  མདོར་ན་མ་བུ་གཉིས་ཀྱི་བདེ་ཐང་གི་ཆེད་དུ་སྨན་ལྷག་ལོག་པར་མི་འགྲོ་བ་གལ་ཆེ།  ཉིན་རེར་སྒོ་ངའི་རིགས་དང་སྲན་མའི་རིགས།  སྔོ་ཚོད།  འཚོ་བཅུད་རྫས། ཀལ་དང་ལྕགས་འདུས་པའི་ཟས་རིགས་ཁ་གསབ་བྱེད་དགོས།  སྤྱི་ཚྭ་ལ་ཚད་བཀག་མེད་ཀྱང་སྦྲུམ་མཇུག་ཏུ་ཚྭ་མང་དུ་མ་བསྟེན་ན་ཤིན་ཏུ་བཟང་། 

གཉིས་པ།  མངལ་སྦྲུམ་དུས་ཀྱི་གཙང་སྦྲའི་སྐོར་ནས། 

གཅིག  ལས་ཀ་དང་ངལ་གསོ།  བདེ་ཐང་གི་སྦྲུམ་མས་ལས་ཀ་ཅི་བདེར་བྱས་ཆོག  འོན་ཀྱང་དུག་ལྡན་དབུགས་གཟུགས་དང་རྫས་འགྱུར་དངོས་རྫས་ལ་འབྲེལ་ཐུག་ཡོད་པའི་ལས་ཀ་བྱེད་མི་རུང་།  ཉིན་རེར་ཆུ་ཚོད་བརྒྱད་ནས་དགུ་ཙམ་ལ་གཉིད་དགོས་ཤིང་།  ལས་ཀ་ལྗིད་མོའི་རིགས་མི་ལས་པ་དང་གཉིད་ཆག་མི་རུང་།

གཉིས།  གཙང་སྦྲར་དོ་སྣང་བྱེད་པ།  མངལ་སྦྲུམ་པའི་སྐབས་སུ།  རྔུལ་ཆུའི་གཤེར་རྨེན་དང་པགས་ཚིལ་གཤེར་རྨེན་ཟགས་ཐོན་བྱེད་པ་ཅུང་མང་བས་དུས་རྒྱུན་ཁྲུས་བྱེད་དགོས།  སྐྱེ་ལམ་གཙང་མར་བཀྲུ་བ་དང་དུས་ལྟར་ནང་ལྭ་བརྗེ་གསོར་བྱེད་པ།  ཟླ་བདུན་ཙམ་འགོར་རྗེས་ལངས་ནས་ཁྲུས་བྱེད་པ་ལས་ཁྲུས་གཞོང་དུ་ཁྲུས་བྱས་ན་སྐྱེ་ལམ་བརྒྱུད་དེ་འགོས་ནད་འབྱུང་སྲིད།

གསུམ།  ནུ་མ་དང་ནུ་མགོའི་འཕྲོད་བསྟེན།  ཟླ་བ་ལྔ་དྲུག་ནས་མགོ་བརྩམས་ཏེ་འདག་རྫས་དང་ཆུས་ཉིན་རེར་གཙང་ཕྱིད་བྱེད་པ།  ནུ་མགོའི་ཟགས་ཐོན་དངོས་པོའི་དྲེག་པ་དག་པར་བྱས་རྗེས་སྣུམ་བྱུག་སྟེ་བང་ནང་དུ་ནུ་མ་བསྣུན་པར་བདག་སྐྱོང་བྱེད་དགོས།  ནུ་མགོ་ཁོང་དུ་འཛུལ་ཡོད་ན་རྗེས་མར་ནུ་མ་བསྣུན་དཀའ་བས་ཉིན་རེར་ཕྱིར་འཐེན་ན་བཟང་།

བཞི།  བཤང་བ།  མངལ་སྦྲུམ་པའི་སྐབས་སུ་རྒྱུ་མའི་འགུལ་སྐྱོད་ཇེ་ཞན་དུ་འགྲོ་ཞིང་།  ལུས་སྦྱོང་བྱེད་ཚད་ཀྱང་ཇེ་ཉུང་དུ་གྱུར་བས་བཤང་བ་འགག་པའི་གནས་ཚུལ་འབྱུང་སླ།  དེའི་རྐྱེན་གྱིས་སིལ་ཏོག་དང་སྔོ་ཚོད་མང་དུ་ཟ་བ་ལས།  སྦྱོང་སྨན་རྩུབ་པོའི་རིགས་བསྟེན་མི་རུང་སྟེ། དེ་ལྟར་བྱས་ན་མངལ་ཤོར་བའི་ཉེན་ཁ་ཡོད།

ལྔ།  སྦྲུམ་མས་སྨན་བསྟེན་ཚུལ།  གལ་ཏེ་ངེས་པར་དུ་སྨན་བསྟེན་དགོས་པའི་གནས་ཚུལ་བྱུང་ན་སྦྲུམ་བུའི་འཚར་སྐྱེས་ལ་གནོད་པ་ཡོད་མེད་ལ་བསམ་བློ་ཞིབ་ཏུ་གཏོང་དགོས་ཤིང་། ལྷག་པར་དུ་སྦྲུམ་སྟོད་ལ་སྨན་བསྟེན་དུས་མཉམ་འཇོག་བྱེད་དགོས།  ནང་སྒོས་སུ་མོ་གཤིས་སྐུལ་རྩིའི་རིགས་ཀྱི་སྨན་མང་ཆེ་བ་སྦྲུམ་དུས་སུ་སྤང་དགོས། 

དྲུག  སེམས་ཁམས་གནད་དོན།  སྦྲུམ་མས་ཟས་སྤྱོད་ལ་ཡིད་འཇོག་ལེགས་པོར་བྱེད་པ་དང་རྒྱུན་དུ་སེམས་ཁམས་སྐྱིད་པོར་འདུག་པ།  ཁོང་ཁྲོ་དང་ཞེ་སྡང་གི་དབང་དུ་འགྲོ་བ་སོགས་སྤང་ཐུབ་པ་བྱུང་ན་སྦྲུམ་བུའི་འཚར་སྐྱེས་ལ་ཤིན་ཏུ་ཕན།  སྨན་པ་རྣམས་ཀྱིས་སྦྲུམ་མའི་སེམས་ཁུར་དང་ཡིད་མི་བདེ་བའི་འབྱུང་རྐྱེན་མཐའ་དག་ལ་སློབ་གསོ་དང་སེམས་གསོའི་ཐབས་ཤེས་ལེགས་པར་སྤྱད་དེ་སྦྲུམ་བུ་བདེ་ཐང་ངང་སྐྱེས་པར་ཁག་ཐེག་བྱེད་དགོས།

བདུན།  སྦྲུམ་རྟེན་སློབ་གསོ།  ཞིབ་འཇུག་བྱས་པ་ལྟར་ན།  མངལ་གནས་སྦྲུམ་བུར་ཆ་འཕྲིན་བསྡུ་ལེན་བྱེད་པའི་ནུས་པ་ལྡན་པས། སྦྲུམ་རྟེན་སློབ་གསོར་བརྟེན་ནས་མངལ་གནས་སྦྲུམ་བུའི་བློ་གྲོས་དང་གཤིས་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་ཆོག  སྦྲུམ་རྟེན་སློབ་གསོ་ལ་གླུ་དབྱངས་ཀྱི་ལམ་ནས་བྱེད་པ་དང་སྐད་ཆའི་ལམ་ནས་བྱེད་པ་སོགས་རིགས་དང་ཐབས་ལམ་མང་པོ་ཡོད། 

འོན་ཀྱང་སྦྲུམ་རྟེན་སློབ་གསོར་བཀོལ་བའི་གླུ་དབྱངས་ནི་སྙིང་ཞིང་འཇེབས་པ་ཙམ་གྱིས་མི་ཆོག་པར་དེ་ལ་གསོ་རིག་དང་སྒྲ་རིག་ཆེད་ལས་ཀྱི་བརྟག་དཔྱད་མཛུབ་སྟོན་འོག་ནས་བསྟེན་དགོས་པས།  སྒྲ་ཐག་སོགས་གང་འདོད་དུ་བསྟེན་ན་སྦྲུམ་བར་གནོད་སྲིད་པས་མཉམ་འཇོག་བྱེད་དགོས།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།