
ཁྲག་མངར་དམའ་བའི“ཉེན་ཁ་རིམ་པ་གསུམ།”
དང་པོ། ཀླད་པར་དབྱང་རླུང་ཆད་པའི་ཉེན་ཁ།
ཀླད་པ་ནི་ནུས་པ་མང་པོ་ཟད་གྲོན་བྱེད་མཁན་ཞིག་ཡིན་པས། སྐར་མ5ལ་རྒྱུན་མཐུད་ངང་ཁྲག་མངར་དམའ་བ་བྱུང་ཚེ། ཀླད་པའི་ཕྲ་ཕུང་ལ་གནོད་སྐྱོན་ཐེབས་སྲིད། དུས་ཡུན་རིང་བོར་ཡང་དང་བསྐྱར་དུ་དེ་ལྟར་བྱས་ན། དྲན་པ་ཇེ་ཞན་དུ་འགྲོ་བ་དང་བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་སློང་བ་དང་། ཐ་ན་ཤེས་པར་འགལ་རྐྱེན་བཟོ་ཡང་སྲིད།
གཉིས་པ། སྙིང་གི་འཁོར་སྐྱོད་ཐེག་ཚད་ལས་བརྒལ་བའི་ཉེན་ཁ།
ཁྲག་མངར་དམའ་བའི་སྐབས། ལུས་པོས་རང་སྐྱོབ་བྱ་ཆེད། མཁལ་མའི་གཤེར་རྨེན་རྒྱུ་མང་པོ་ཟགས་ཐོན་བྱས་ཏེ། སྙིང་གི་ལྡིང་ཚད་ཇེ་མགྱོགས་དང་ཁྲག་ཤེད་ཇེ་མཐོར་གཏོང་བ་ཡིན། སྙིང་གཟེར་ནད་པ་དང་ཁྲག་ཤེད་མཐོ་བའི་ནད་པར་མཚོན་ན། སྙིང་གི་ཐེག་ཚད་ལས་བརྒལ་བའི་གནས་ཚུལ་འདི་རིགས་ཀྱིས་སྙིང་གཟེར་བ་དང་སྙིང་རྩ་འགག་པ། ཐ་ན་སྙིང་རྩའི་དབང་གིས་གློ་བུར་ཤི་བ་སོགས་ཀྱང་འབྱུང་སྲིད། ཞིབ་འཇུག་ལས་མངོན་པ་ལྟར་ན། ཚབས་ཆེ་བའི་ཁྲག་མངར་དམའ་ཐེངས་གཅིག་གིས་སྙིང་རྩའི་དོན་རྐྱེན་འབྱུང་བའི་ཉེན་ཁ་ལྡབ2.3གྱིས་ཇེ་མཐོར་གཏོང་བ་རེད།
གསུམ་པ། གློ་བུར་བའི་དོན་རྐྱེན་འབྱུང་རྒྱུ་མང་བ།
རླངས་འཁོར་སྐོར་དུས་གློ་བུར་དུ་ཁྲག་མངར་དམའ་བར་གྱུར་ཚེ། སྐབས་དེའི་ཚུར་སྣང་ནུས་པ་ནི་ཆང་འཐུངས་ཏེ་རླངས་འཁོར་སྐོར་བ་དང་འདྲ་བར་ཚུར་སྣང་སློག་ཚད་སྐར་ཆ0.5ཡན་འགོར་འགྱངས་བྱེད་སྲིད། རྒན་པར་ཁྲག་མངར་དམའ་བ་བྱུང་ཚེ། ཐང་ལ་འགྱེལ་ནས་རུས་ཆག་འབྱུང་སྲིད་ཅིང་། མངོན་མེད་ཀྱི་ཉེན་ཁ་འདི་དག་ལ་ང་ཚོས་རྒྱུན་པར་དོ་སྣང་ཆེན་པོ་མི་བྱེད།
ཁྲག་མངར་དམའ་བའི་སྐབས་ཀྱི“འགོག་ཐབས་གསུམ་དང་སྐྱོབ་ཐབས་གསུམ།”
འགོག་ཐབས་གསུམ།
གཅིག བཟའ་བཏུང་ལ་ཆོས་ཉིད་ལྡན་པར་བྱེད་པ།
ཟ་མ་ཟ་བའི་དུས་ཚོད་དང་ཟ་མའི་མང་ཉུང་གཏན་འཁེལ་བྱ་དགོས་པ་དང་། ཟས་ཐུན་གཉིས་ཀྱི་བར་ལ་དུས་ཚོད4བཞག་རྗེས། ད་གཟོད་བཟའ་བཅའ་ཁ་སྣོན་བྱ་འོས་ཏེ། དཔེར་ན་གྲོ་འདུས་ཚད་མང་བའི་སོབ་གོར་དང་ཞོ་ལྟ་བུ།
གཉིས། བདེ་འཇགས་ངང་སྨན་བསྟེན་པ།
གཤེར་མའི་ཕུང་རྩི་དང་ཧྥོན་གཅིན་རྒྱུ་ལྟ་བུའི་སྨན་བསྟེན་སྐབས། ལྟོ་སྟོང་ལ་འགུལ་སྐྱོད་མི་བྱེད་པ་དང་། སྨན་བཀོལ་རྗེས་ཀྱི་སྐར་མ30ཡི་ནང་ངེས་པར་དུ་ཟ་མ་བཟའ་དགོས།
གསུམ། འགུལ་སྐྱོད་ལ་བརྟེན་ནས་འགོག་སྲུང་བྱེད་པ།
འགུལ་སྐྱོད་དྲག་པོ་མ་བྱས་པའི་སྔོན་དུ་ཁྲག་མངར་ལ་བལྟ་དགོས་པ་དང་། ཁྲག་མངར་ཧའོ་མའོ5.6ལས་དམའ་སྐབས། སྔོན་ལ་ཐཱན་ཆུ་འདྲེས་འགྱུར་རྫས་ཁ་གསབ་བྱ་དགོས་ཏེ། དཔེར་ན་གོར་སོབ་དང་ངང་ལག་ཟ་བ་ལྟ་བུ།
སྐྱོབ་ཐབས་གསུམ།
གཅིག ནད་རྟགས་ཡང་བའི་སྐབས། (རང་བདག་ཐུབ་པ།)
ལམ་སང་ཕན་མྱུར་ཀ་ར་ཁེ15ཟ་བ་སྟེ། དཔེར་ན་ཀ་ར་བྱེ་རིལ4ཟ་བའམ་སིལ་ཁུ་ཕོར་བ་ཕྱེད་ཙམ་འཐུང་བ་དང་། དེ་ནས་སྐར་མ15ཡི་རྗེས་སུ་ཡང་བསྐྱར་ཁྲག་མངར་ལ་བརྟག་དགོས།
གཉིས། ཤེས་པ་མི་གསལ་བའི་སྐབས།
ཟ་མ་བཙན་གྱིས་མི་ལྡུད་པར། ལམ་སང་ལུས་པོ་ཟུར་ཉལ་བྱེད་དུ་བཅུག་ནས་དབུགས་ལམ་མི་འགག་པར་བྱས་རྗེས། མྱུར་སྐྱོབ་ཁ་པར་གཏོང་དགོས།
གསུམ། ཡང་དང་བསྐྱར་དུ་འཕར་བའི་སྐབས།
ནད་འཕར་བའི་དུས་ཚོད་དང་སྨན་བསྟེན་ཚད། བཟའ་བཏུང་གནས་ཚུལ་བཅས་ཟིན་ཐོར་བཀོད་རྗེས། དུས་ཐོག་ཏུ་སྨན་བཅོས་བྱེད་པ་དང་། གསོ་བཅོས་བྱེད་ཐབས་སྙོམ་སྒྲིག་བྱ་དགོས།
ཚང་མས་དོ་སྣང་བྱེད་དགོས་པ་ཞིག་ནི་གཅིན་སྙི་ཟ་ཁུའི་ནད་པས་དུས་རྒྱུན་མྱུར་སྐྱོབ་བྱང་བུ་ཞིག་འཁྱེར་དགོས་པ་དང་། ཐོག་ཏུ་རུས་མིང་དང་སྨན་འཐུང་སྟངས། བྲེལ་མྱུར་འབྲེལ་གཏུག་བྱ་ཡུལ་སོགས་བཀོད་ན་བཟང་།
དེར་མ་ཟད་རྒྱུན་ལྡན་གྱི་མིས་དུས་ཡུན་རིང་བོར་ཟ་མ་ཉུང་བཟའ་བྱས་ཚེ། ལག་པ་འདར་བ་དང་སེམས་འཚབ་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་དེ་ཡང་ཁྲག་མངར་དམའ་བའི་བརྡ་རྟགས་ཤིག་ཡིན་སྲིད།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།