
སྤྱིར་དབུགས་ལམ་གྱི་འགོས་ནད་ནི་སྣ་དང་མིད་པ། གློ་ཡུ། གློ་ཡུའི་ཡན་ལག་སོགས་དབུགས་ལམ་བརྒྱུད་ནས་འགོས་པའི་རིམས་ནད་ཅིག་ཡིན་པ་དང་། སྟོན་དགུན་གྱི་དུས་སུ་ནམ་ཟླ་ཇེ་འཁྱགས་སུ་ཕྱིན་པས་ནད་དུག་མཆེད་སླ་བ་ཡིན།
དང་པོ། སྔོན་འགོག་གི་སྐོར།
གཅིག འགོག་སྨན་རྒྱག་པ།
བྱིས་པ་ལོ་ཆུང་ངམ་ནད་འགོག་ནུས་པ་ཞན་པའི་མི་ལ་གནས་ཚུལ་དང་བསྟུན་ནས་འགོག་སྨན་བརྒྱབ་ཆོག་སྟེ ། དཔེར་ན་ཆམ་རིམས་ཀྱི་འགོག་སྨན་ལྟ་བུ་ཡིན། འདིར་ཤེས་དགོས་པ་ཞིག་ལ་མིག་སྔར་ཕྲ་གྱེས་གདོད་གཟུགས་གློ་ཚད་ལ་ཆེད་དམིགས་ཀྱི་འགོག་སྨན་མེད།
གཉིས། རླུང་རྒྱུ་བར་བྱེད་པ་དང་མི་ཚོགས་ལ་གཡོལ་བ།
ཉིན་རེར་སྒེའུ་ཁུང་ཐེངས་གཉིས་ནས་གསུམ་ལ་འབྱེད་པ་དང་། ཐེངས་རེར་སྐར་མ་སུམ་ཅུ་ཙམ་ལ་རླུང་རྒྱུ་རུ་འཇུག་དགོས། མི་ཚོགས་འདུ་སར་འགྲོ་ཐེངས་ཇེ་ཉུང་དུ་གཏོང་བ་དང་། ངེས་པར་དུ་འགྲོ་དགོས་ཚེ་ཁ་ཐུམ་རྒྱག་དགོས།
གསུམ། ལག་པར་གཙང་སྤྲ་བྱེད་པ།
ཕྱི་རུ་སོང་ནས་ཕྱིར་རང་ཁྱིམ་དུ་ལོག་པ་དང་། ཟ་མ་མ་ཟས་སྔོན་དང་གསང་སྤྱོད་དུ་སོང་རྗེས། དེ་མིན་ཁ་སྣ་སོགས་ལ་རེག་སྐབས་འདག་རྫས་བཀོལ་ནས་བཞུར་ཆུའི་ལག་པ་གཙང་མར་བཀྲུ་རྒྱུ་ཤིན་ཏུ་གལ་ཆེ།
བཞི། རང་ཁ་རང་གིས་སྲུང་བ།
གློ་ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ། ངེས་པར་གཙང་ཤོག་དང་ལག་ཕྱིས་ཀྱིས་ཁ་སྣ་གཅོད་དགོས།
གཉིས་པ། བཟའ་བཏུང་གི་སྐོར།
གཅིག ཆུ་མང་དུ་འཐུང་ནས་རྙིང་ཚབ་གསར་བརྗེ་ལ་གྲོགས་བྱེད་པ།
གཉིས། ཟས་ཀྱི་སྣ་ཁ་ལེགས་པོར་བསྡེབས་ཏེ། འཚོ་བཅུད་ཁ་སྣོན་དང་ནད་འགོག་ནུས་པ་ཇེ་མཐོར་གཏོང་བ།
གསུམ། སྤྲི་དཀར་དང་མངར་ཆ། ཚད་ཉུང་གི་གཞི་རྒྱུ་འདུས་པའི་ཟས་རིགས་མང་དུ་བསྟེན་དགོས་པ་སྟེ། དཔེར་ན་ཤ་སྣག་དང་བྱ་སྒོང་། སྦྲང་རྩི་སོགས་ལྟ་བུ་ཡིན།
བཞི། སྔོ་ཚོད་དང་སིལ་ཏོག་གསར་བའི་རིགས་མང་དུ་བསྟེན་ནས་འཚོ་རྒྱུ་ཡིས་འདང་བར་བྱེད་པ།
ལྔ། ཆུ་འཁྱག་དང་མི་གཙང་བའི་ཟས། ཤ་རློན་སོགས་མི་བསྟེན་པ།
གསུམ་པ། གྱོན་ཆས་ཀྱི་སྐོར།
གཅིག གྱོན་པ་འོས་འཚམ་གོན་པ་དང་། ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་བརྗེ་གསོར་བྱེད་དགོས།
གཉིས། ནངས་དགོང་གི་དྲོ་གྲང་ལ་ཁྱད་པར་ཆེ་བའི་སྐབས་སུ། སྒོ་ཕྱིར་འགྲོ་སྐབས་ལྭ་བ་དྲོན་པོ་གྱོན་དགོས་ཤིང་། སྐེ་དང་རྒྱབ་གཞུང་འཁྱགས་སུ་མ་བཅུག་ན་ཧ་ཅང་བཟང་།
བཞི་པ། སྤྱོད་ལམ་གྱི་སྐོར།
གཅིག ཆོས་ཉིད་དང་ལྡན་པར་ངལ་གསོ་བ།
ཆོས་ཉིད་དང་ལྡན་པའི་ངལ་གསོ་སྟངས་ཡག་པོ་ཞིག་གོམས་པར་བྱ་བ་དང་། མཚན་སྐྱེལ་ནས་གཉིད་ཆག་པ་སོགས་མི་བྱེད་པ།
གཉིས། གཉིད་ཀྱིས་འདང་བར་བྱེད་པ།
ཉིན་རྒྱུན་དུ་གཉིད་འདང་ངེས་ཤིག་ཡོང་བར་བྱས་ཏེ་ལུས་སེམས་ལྷོད་པོ་དང་སྐྱིད་པ་ཡོང་བར་བྱེད་དགོས།
གསུམ། ལུས་ཕུང་སྦྱོང་བརྡར་བྱེད་པ།
ལུས་རྩལ་བྱ་འགུལ་ཁྲོད་མང་དུ་ཞུགས་ཏེ་ལུས་ཕུང་གི་ནད་འགོག་ནུས་པ་ཇེ་མཐོར་གཏོང་བ།
བཞི། གནམ་གཤིས་ཧ་ཅང་བཟུང་དུས་བྱིས་པ་ཕྱི་རོལ་དུ་སོང་ནས་སྦྱོང་བརྡར་བྱེད་དུ་འཇུག་དགོས།
ལྔ་པ། མིད་པར་སྲུང་སྐྱོབ་བྱེད་པའི་སྐོར།
སྟོན་དགུན་གྱི་འཚམས་སུ་མིད་པ་མི་བདེ་བའི་སྣང་ཚུལ་བྱུང་ཚེ་ཅི་ལྟར་སྲུང་སྐྱོབ་བྱེད་དགོས་ཞེ་ན།
གཅིག ཆུ་མང་པོ་འཐུང་དགོས་པ་སྟེ། སྐྱེས་པ་དར་མས་ཉིན་རེར་ཆུ་ཧའོ་ཧྲེང1700ཙམ་འཐུང་དགོས་ཤིང་། སྐྱེས་མ་དར་མས་ཉིན་རེར་ཆུ་ཧའོ་ཧྲེང1500འཐུང་དགོས།
གཉིས། ཁ་ལ་ཚྭ་ཆུས་བཤལ་བ་སྟེ། ཚྭ་ཆུས་མིད་པའི་འབྱར་སྐྱི་སོགས་བཤལ་ན། འབུ་ཕྲ་འཇོམས་པ་དང་གཉན་ཚད་གཅོག་པའི་ནུས་པ་ཐོན་ཐུབ།
གསུམ། མིད་པ་རླངས་པས་བདུགས་པ་སྟེ། ཆུ་ཁོལ་ཕོར་བ་གང་ལ་ཁ་གཏད་ནས་རླངས་པས་མིད་པར་བདུག་པ་དང་མིད་པ་བརླན་གྱིས་བྲན་པར་བྱེད་དགོས། མཉམ་འཇོག་དགོས་པ་ཞིག་ལ་ཆུ་ཁོལ་གྱི་དྲོད་ཚད་ཏུའུ་དྲུག་ཅུའི་མན་ཡིན་ན་ཚད་དང་རན་པ་ཡིན། དེ་མིན་སྐད་ཆ་བཤད་སྐབས་སྐད་གསང་མཐོན་པོས་བཤད་པ་སོགས་གོམས་གཤིས་དོར་ནས་རྒྱུན་དུ་ཁ་ནང་གི་གཙང་སྦྲར་དོ་སྣང་བྱེད་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།