དལ་གཤིས་ནད་པས་དབྱར་ཁའི་ཟས་སྤྱོད་ལ་དོ་སྣང་བྱེད་དགོས།

ཁུངས། ཀློག་གྲངས།

​  དལ་གཤིས་ནད་པ་མི་ཉུང་བ་ཞིག་གིས་དབྱར་གྱི་དུས་སུ་ལུས་ཁམས་ལ་གནོད་པ་ཆེན་པོ་མེད་སྙམ་ནས་

ལུས་ཁམས་དང་ནད་ཁམས་གསོ་བ་ལ་དོ་སྣང་མི་བྱེད་པར་རང་སྣང་གང་ཤར་གྱི་ལས་ལ་འཇུག་བཞིན་འདུག སྤྱིར་དབྱར་གཞུང་ཚ་བ་ཆེ་བའི་དུས་སུ་ལུས་པོ་བདེ་ཐང་ཐད་གནོད་པ་འདི་དག་ཡོད་དེ། ཁྲག་རྩ་རྒྱས་པའམ་ལྷོད་པ། རྔུལ་འབྱམས་པ། སེམས་འཚབ་པ། ཟས་སྤྱོད་ལ་འགྱུར་བ་བྱུང་བ་སོགས་ཀྱིས་ཁྲག་གི་མངར་ཆ་དང་ཁྲག་ཤེད་ལ་འགྱུར་བ་ཐེབས་པ་དང་། གཞན་ཀླད་སྙིང་ཁྲག་རྩའི་ནད་ཚབས་ཆེན་རིགས་ཀྱང་སློང་སྲིད། དལ་གཤིས་ནད་པ་དག་གི་ཟུངས་སྟོབས་ཅུང་ཞན་པས། དུས་རྒྱུན་བསྟེན་བཞིན་པའི་སྨན་འཐུང་རྒྱུ་བརྗེད་པ་དང་། འཁྱགས་རླུང་ལྡང་སར་སྡོད་པ། འཁྱགས་ཟས་ཟ་བ་སོགས་ཟས་སྤྱོད་ཀྱི་དབང་གིས་ནད་གཞི་མྱུར་དུ་ཇེ་ལྕིར་འགྲོ་བའི་གནས་ཚུལ་ཡང་ཡོད།

བདེ་ཐང་ངང་དབྱར་དུས་ལ་རོལ་འདོད་ན། དལ་གཤིས་ནད་པས་ངེས་པར་དུ་ཟས་སྤྱོད་ཀྱི་ཕན་གནོད་ལ་བརྟག་སྟེ། ཟས་སྤྱོད་སྤང་བླང་ཡོད་པའི་མི་ཞིག་བྱེད་དགོས་ལ། སྨན་པའི་ངག་བཞིན་ཁོང་སྨན་བསྟེན་པ་དང་། དུས་བཅད་ནང་ཚེ་སྲོག་མངོན་རྟགས་ཁག་ལ་བརྟག་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཚ་གདུག་ལ་གཡོལ་བ། ཆུ་མང་དུ་འཐུང་བ་བཅས་བྱས་ཏེ་རང་ཉིད་ཀྱི་བདེ་ཐང་སྲུང་དགོས།

ཁྲག་ཤེད་མཐོ་བའི་ནད་པས་ཁྲག་ཤེད་བརྟན་པོ་བྱེད་རྒྱུ་ནི་གནད་འགག་ཡིན།

ཁྲག་ཤེད་མཐོ་བའི་ནད་པ་མི་ཉུང་བ་ཞིག་གིས་བརྟག་དཔྱད་སྐབས་སུ་ཤེས་པ་ལྟར་ན། དབྱར་ཁ་སླེབས་པ་ན་ཁྲག་ཤེད་རང་རྟོགས་སྒོས་ཧའོ་སྨི10ནས20མར་འབབ་པ་དང་། སྐབས་དེར་ནད་གཞི་ཇེ་དགར་སོང་འདུག་སྙམ་ནས་སྨན་ཇེ་ཉུང་དུ་གཏོང་བའམ་འཐུང་མཚམས་འཇོག་མི་རུང་། དབྱར་གཞུང་ལ་ཁྲག་ཤེད་ཀྱི་ཉིན་མཚན་གྱི་ཁྱད་པར་མི་འདྲ་བས། ཉིན་མོ་དྲོད་ཚད་ཇེ་མཐོར་སོང་ན་ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་དང་། མཚན་མོ་དྲོད་ཚད་མར་བབས་ན་ཁྲག་ཤེད་ལྡོག་སྟེ་ཇེ་མཐོར་སོང་ནས། འགྱུར་འབྱུང་གི་ཉེན་ཁ་དེ་སྟོན་ཁ་དང་དགུན་ཁ་ལས་ཆེ་བ་རེད། དབྱར་ཁར་ཁྲག་ཤེད་ལ་ཚོད་འཛིན་བྱེད་པར། རྩ་དོན་གཙོ་བོ་ནི་བརྟན་པོ་བྱེད་དགོས་པ་དེ་རེད། དེ་ལས་གཞན་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ནི་སྨན་གྱི་འཐུང་ཐུན་ངེས་པར་དུ་སྨན་པའི་ངག་བཞིན་བསྟེན་དགོས།

དུས་ལྟར་ཁྲག་ཤེད་འཇལ་བ། ནངས་སྔ་མོ་མལ་ལས་ལངས་ཏེ་སྨན་མ་འཐུང་བའི་སྔོན་དང་དགོང་མོ་གཉིད་དུ་མ་ཡུར་པའི་སྔོན་གྱི་དུས་ཐེངས་གཉིས་ལ་བརྟག་དགོས་པ་དང་། ཁྲག་ཤེད་འཇལ་བའི་ཟིན་ཐོ་ལེགས་པོར་འགོད་དགོས། ཁྲག་ཤེད་མཐོ་དམའི་ཁྱད་པར་ཆེན་པོ་བྱུང་བ་དང་མཉམ་དུ་མགོ་ཡུ་འཁོར་བའམ་ལུས་ཡོངས་མཉེན་པོ་གྱུར་པ་སོགས་ཁྲག་ཤེད་དམའ་བའི་གནས་ཚུལ་བྱུང་ན། འཕྲལ་དུ་སྨན་ཁང་དུ་སོང་ནས་གནད་དོན་ལ་དཔྱད་ཞིབ་བྱེད་དགོས། དོ་སྣང་བྱ་དགོས་པ་ཞིག་ནི་གང་འདོད་དུ་སྨན་འཐུང་མཚམས་འཇོག་པ་དང་ཇེ་ཉུང་དུ་གཏོང་བ་དེ་ཉེན་ཁའི་སྤྱོད་པ་ཡིན་ཕྱིར། ཁྲག་ཤེད་ཤུགས་ཆེན་པོས་ཇེ་མཐོར་འགྲོ་སྲིད་ཅིང་། གཟའ་གྲིབ་ཕོག་པ་དང་སྙིང་རྩ་མྱུར་མོར་འགག་པའི་ནད་འབྱུང་ཚད་དེ་བསྟུན་གྱིས་ཇེ་མང་དུ་འགྲོ་བ་རེད།

ཆུ་འཐུང་བ་ནི་ཁྲག་རྩའི་འཁོར་རྒྱུག་གི་རྒྱུན་སྐྱོང་བ་དེའོ། ། ཚད་ཉུང་ཐེངས་མང་གིས་ཆུ་འཐུང་བ་ལས། འཐུང་ཐེངས་གཅིག་གིས་ཆུ་མང་པོ་འཐུང་བར་འཛེམ་དགོས། དྲོད་གྲང་གི་ཁྱད་པར་ཆེན་པོ་འབྱུང་བ་འགོག་དགོས། ཁང་པའི་ཕྱི་ནང་གི་དྲོད་གྲང་གི་ཁྱད་པར་ཆེ་བ་དང་ཟས་ཚ་འཁྱག་གཉིས་ཀྱིས་གཟེར་བསླངས་པ་ཡིན་ན། ཁྲག་རྩའི་ཚ་འཁྱག་མཉམ་བསྲེས་ཀྱི་འགལ་ཟླའི་སྣང་ཚུལ་འབྱུང་སྲིད་པས། ཁྲག་ཤེད་རང་འགྲོས་དེ་ཐད་ཀར་དུ་གཏོར་ནས་བརླག་འགྲོ་བ་ཡིན། ཁྲག་ཤེད་མཐོ་བའི་ནད་པས་ཁང་པའི་ཕྱི་ནང་གི་དྲོད་ཚད་ཏུའུ་བརྒྱད་ཀྱི་ནང་ཚན་དུ་བསྡུས་ན་འོས་ཤིང་ཕན།

གཅིན་སྙི་ཟ་ཁུའི་ནད་པས་མངར་འགོག་ཆུ་འཛིན་མཉམ་དུ་བསྒྲུབ་དགོས།

གཅིན་སྙི་ཟ་ཁུའི་ནད་པར་མཚོན་ན། དབྱར་ཁར་ལྐོག་ཏུ་ཡིབ་པའི་ཉེན་ཁ་ཞིག་ཡོད་པ་ནི་ལུས་ཀྱི་ཆུ་ཟད་པ་དེ་རེད། ལུས་ཀྱི་ཆུ་ཟད་རྗེས་ཁྲག་གར་པོར་གྱུར་ནས་ཁྲག་ཧྭགས་ཀྱི་གར་ཚད་གཞན་རྟེན་ངང་ཡར་འཕར་བར་མ་ཟད། ཁྲག་ཧྭགས་དེ་བས་ཀྱང་དོ་དམ་བྱ་དཀའ་བར་གྱུར་ཏེ། དྲན་པ་ཐོར་བའི་ནད་གཞི་ལྕི་མོ་འབྱུང་བའི་ཉེན་ཁའང་དེ་བས་ཇེ་ཆེར་འགྲོ་སྲིད། གཅིན་སྙི་ཟ་ཁུའི་ནད་པས་དབྱར་ཁར་ལུས་ཁམས་གསོ་བའི་གནད་གཙོ་བོ་ནི་ཕྱོགས་གཅིག་ནས་ལུས་ཀྱི་ཆུ་ཟད་པ་འགོག་པ་དང་། ཕྱོགས་གཅིག་ནས་ཁྲག་ཧྭགས་ལ་དོ་དམ་བྱེད་རྒྱུ་དེ་རེད།

ཁ་ལ་བདག་བྱེད་དགོས། མངར་འདུས་སྐོམ་ཆུ་གང་བྱུང་དུ་མང་པོ་འཐུང་མི་རུང་ལ། རང་བཟོས་སྐྱུར་ཆུ་དང་ཆུ་ཁོལ་འཁྱག་མོ་སོགས་བཏུང་བྱ་དག་ནི་དབྱར་གྱི་སྐོམ་གདུང་སེལ་བའི་བཏུང་བྱའི་མཆོག་ཡིན། དེ་ཡང་དབྱར་གྱི་ཆུ་ཀུབ་དང་ཤིང་ཏོག་དག་བདེ་ཐང་གི་གྲོགས་ཟས་མ་ཡིན་ལ། ཆུ་ཀུབ་དང་ཨ་འབྲས། འབྲུག་མིག་དག་ལ་མངར་ཆ་ཆེ་བས་མང་དུ་ཟ་མི་རུང་བ་ཡིད་ལ་གསལ་པོར་འཛིན་དགོས། དེ་དང་ཆབས་ཅིག་ཏུ་དབྱར་གཞུང་དུ་སྲེག་ཟས་ཟ་བ་དང་སྦི་རག་འཁྱག་མོ་འཐུང་བའི་གོམས་གཤིས་ངན་པ་དག་འདོར་དགོས།

ཁྲག་ཧྭགས་ཀྱི་ཚད་འཇལ་སྟངས་ལ་བཀོད་སྒྲིག་འོས་འཚམས་བྱ་དགོས། དྲོད་ཚད་མཐོ་བའི་སྐབས་སུ་ཁྲག་ཧྭགས་ཀྱི་འགྱུར་བ་ཆེ་ཞིང་། གཅིན་སྙི་ཟ་ཁུའི་ནད་པས་ལྟོ་སྟོང་དང་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་གཉིས་ཀྱི་གཞུག་དང་། ཉལ་ཁ་བཅས་གནད་འགག་གི་དུས་མཚམས་འདི་གསུམ་པོ་གཙོ་བོར་བཟུང་སྟེ། སྐབས་བབ་དང་བསྟུན་ནས་ཞིབ་བཤེར་བྱེད་པ་དང་། ཁྲག་ཧྭགས་ཀྱི་ཚད་ལ་ཚོད་འཛིན་ནན་མོ་བྱེད་དགོས། ཁྲག་ཧྭགས་རྒྱུན་ལྡན་ཡིན་པའི་མི་ཚོགས་ཀྱིས་གཟའ་འཁོར་གཅིག་ལ་ཉིན་གསུམ་ནས་ལྔ་ལ་ལྟ་ཞིབ་ཚད་ལེན་བྱས་ན་ཆོག་ལ། ཁྲག་ཧྭགས་ཀྱི་འགྱུར་བ་ཅུང་ཆེ་བའི་མི་ཚོགས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་ཐེངས་གྲངས་ཇེ་མང་དུ་གཏོང་དགོས།

ཀླད་སྙིང་ཁྲག་རྩའི་ནད་པས་སེམས་ཁམས་ལྷོད་པོའི་ངང་ངལ་གསོ་དགོས།

དབྱར་གྱི་དུས་སུ་ཚ་གདུག་ཆེ་བ་དང་། སུན་སྣང་སྐྱེས་པ་དང་ཁོང་ཁྲོ་སྐྱེ་སླ་ལ། མཚན་གྱི་ཚ་གདུག་གིས་གཉིད་ལེགས་པོ་ཞིག་ཀྱང་མི་ཁུག་པར་གཉིད་པའི་དུས་ཚོད་ཇེ་ཐུང་དུ་གཏོང་ཕྱིར། ཀླད་སྙིང་ཁྲག་རྩའི་ནད་གཞི་ཇེ་སྡུག་ཏུ་གཏོང་བ་དང་། ཀླད་སྙིང་ཁྲག་རྩའི་ནད་འབྱུང་བའི་ཚད་ཀྱང་ཇེ་མང་དུ་འགྲོ་བ་རེད། དེར་བརྟེན། ཀླད་སྙིང་ཁྲག་རྩའི་ནད་པས་དབྱར་གྱི་དུས་ལ་ངལ་གསོའི་དུས་ཚོད་དང་སེམས་ཁམས། སྨན་འཐུང་བ་སྟེ་ཕྱོགས་འདི་གསུམ་ལ་གཟབ་དགོས།

སེམས་བདེ་ལ་བབས་ནས་རླུང་མི་ལངས་པ། སེམས་ཁམས་ལ་གཡོ་འགུལ་ཐེབས་པ་ནི་སྙིང་རྩ་འགག་པའི་འབྱུང་རྐྱེན་གཙོ་བོ་རེད། འཚོ་བའི་ཁྲོད་རྩོད་གླེང་བྱུང་སྐབས། ལུས་ཕུང་གིས་མཁལ་མགོའི་རྨེན་རྩི་མང་པོ་ཟགས་ནས། ཁྲག་རྩ་བཙན་གྱིས་སྐུམ་དུ་འཇུག་པ་དང་། ཁྲག་རྩའི་ནང་ཤུན་ལ་རྨས་བཟོས་ཁྲག་རྡོག་མང་པོ་སྐྱེས་ཤིང་སྙིང་རྩ་འགག་ཏུ་འཇུག་པ་རེད། དེ་བས་རྒྱུན་པར་དོན་ཆེ་ཆུང་གང་ལ་འཕྲད་ནའང་ཁོང་ཁྲོ་ལངས་མི་རུང་།

འཕྲལ་བཅོས་ནད་གཞི་ཡིན་མིན་གསལ་ཐག་བཅད་དེ་ནོར་འཆུག་འབྱུང་བ་འགོག་དགོས། གློ་བུར་དུ་བྲང་གཟེར་དང་བྲང་གཉན། ལུས་ཡོངས་ནས་རྔུལ་ཆུ་བཞུར་བ། སྐྱུག་མར་ལངས་པ་དང་ཕོ་བ་མི་བདེ་བ། རྐང་ལག་སྦྲིད་པ། མགོ་ཡུ་འཁོར་བ། མཐོང་ཤུགས་རབ་རིབ་སོགས་ཀླད་སྙིང་ཁྲག་རྩའི་ནད་འབྱུང་བའི་སྔ་ལྟས་འདི་དག་ནི་ཚ་དུག་ཕོག་པ་དང་ཤིན་ཏུ་འདྲ་བས་ནོར་འཁྲུལ་འབྱུང་ཉེན་ཆེ། གོང་གི་ནད་རྟགས་དག་མངོན་ཚེ་ནད་པས་མྱུར་མོར་ངལ་གསོ་བ་དང་། དུས་ཐོག་ཏུ120ལ་མྱུར་སྐྱོབ་ཁ་པར་གཏོང་དགོས།

དོན་ཆུང་འདི་དག་བསྒྲུབ་ན་ནད་གཞི་གསོ་བཅོས་ལ་ཕན།

1.ཁང་པའི་དྲོད་ཚད་བསྒྱུར་ནས་ཁྲག་རྩར་དོ་དམ་བཟང་པོ་བྱེད་པ། དྲོད་སྙོམ་གྱི་ཚད་ཧྲེ་ཧྲི་ཏུའུ26གི་ཡས་མས་སུ་བཞག་སྟེ་ལུས་ལ་ཐད་ཀར་དུ་རླུང་རྒྱག་པར་འཛེམ་དགོས།

2.དབྱར་གྱི་ཁ་ཟས་ལེགས་སྒྱུར་དང་ལུས་ཀྱི་རྙིང་ཚབ་གསར་བརྗེའི་ཁག་ཁུར་ཇེ་ཡང་དུ་གཏོང་དགོས། ཞག་གཅིག་འགོར་རྗེས་ཀྱི་ཟས་ལྷག་མི་ཟ་བ་དང་ཤིང་ཏོག་ཉུང་ཙམ་ཟ་བ་ལས་རྒྱས་ཟ་རྒྱས་འཐུང་བྱེད་མི་རུང་།

3.འཚོ་བའི་འགྲོས་དལ་མོ་བྱེད་པ་དང་གཉིད་བདེ་བར་བྱེད་པ། མཚན་མི་སྐྱེལ་བར་ཉིན་རེར་གཉིད་ཀྱིས་འདང་བར་ཁག་ཐེག་བྱེད་དགོས།

4.སེམས་ཁམས་ལ་དོ་དམ་བྱས་ནས་རང་ལ་འཚམ་པའི་དབྱར་གྱི་བསིལ་སྣང་ཞིག་སྐྱོང་བ། སེམས་ཁམས་མི་ལེགས་པ་བྱུང་ཚེ་གཞས་ལ་ཉན་ནས་ཁམས་གསོ་བ།

5.ཕྱི་རོལ་དུ་འགྲོ་བའི་ཚེ་དགོས་ངེས་ཀྱི་དངོས་པོ་དག་བཟུང་ནས་རང་ཉིད་དལ་གཤིས་ནད་པ་ཡིན་པའི་རྟགས་དང་རྒྱུན་འཐུང་གི་སྨན། ཁྱིམ་མིའི་འབྲེལ་གཏུག་ཨང་གྲངས་འཛིན་དགོས།

6.དོས་དྲག་གི་ཚད་མཐའ་སེམས་ལ་དམ་པོར་འཛིན་པ་དང་ནད་རྟགས་མངོན་ན་འཕྲལ་དུ་སྨན་བཅོས་བྱེད་དགོས། བྲང་གཟེར་དང་བྲང་གཉན། ལུས་ཀྱི་ཕྱོགས་གཅིག་སྦྲིད་པ། ཁ་གཅུས་པ། ངག་ནས་རྡབ་རྡིབ་སྨྲ་བ། མགོ་འཐོམས་པ། མཐོང་དངོས་རབ་རིབ་ཏུ་སྣང་བ། དབུགས་འབྱིན་དཀའ་བ། ཚ་བ་ཆེན་པོ་རྒྱས་པ་སོགས་ཀྱི་ནད་རྟགས་མུ་ནས་བྱུང་ཚེ། དུས་ཐོག་ཏུ120ལ་ཁ་པར་གཏོང་དགོས། །

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།