ནམ་གུང་གཉིད་ལས་སད་ཚེ་ཁ་པར་དང་ཆུ་ཚོད་ལ་ལྟ་མི་འོས།

ཁུངས། ཀློག་གྲངས།

    ནམ་གུང་གློ་བུར་དུ་སད་ནས་ཁ་པར་ལ་ལྟ་དུས་མཚན་གུང་ཆུ་ཚོད་གསུམ་ཙམ་ཡིན་པ་དང་། དེ་ནས་གཉིད་མི་ཁུག་པའི་གནས་ཚུལ་མི་མང་བོར་བྱུང་མྱོང་ཡོད་སྲིད། དེ་ལྟ་བུའི་གནས་ཚུལ་འབྱུང་དོན་ཅི་ཡིན་ནམ།

གཅིག ནམ་གུང་ཆུ་ཚོད་ལ་བལྟས་རྗེས་ནམ་སྨད་ཀྱི་གཉིད་ལ་ཤུགས་རྐྱེན་ཐེབས་དོན་ཅི་ཡིན།

དུས་ཚོད་ལ་བལྟས་རྗེས་བྱུང་བའི་སེམས་ཁམས་ཀྱི་བརྒྱུད་རིམ་ནི་གཉིད་མི་ཁུག་པའི་རྒྱུ་རྐྱེན་དངོས་ཡིན། དཔེར་ན། མཚན་གུང་ཆུ་ཚོད་གསུམ་ཡིན་ཚེ། ཀླད་པ་མུ་མཐུད་དུ་མི་གཉིད་པར། ཆུ་ཚོད་ག་ཚོད་ལ་གཉིད་པ་དང་མལ་ལས་ལངས་པར་ད་དུང་ཆུ་ཚོད་ཅི་ཙམ་ཡོད་པ། གལ་ཏེ་ཆུ་ཚོད་གསུམ་ཙམ་མ་གཏོགས་གཉིད་མ་ཐུབ་ཚེ། ཕྱི་ཉིན་གྱི་རྣམ་རིག་ལ་ཤུགས་རྐྱེན་ཐེབས་མིན་སོགས་ལ་འདང་རྒྱག་པས་ཡིན།

དེ་དང་འགྲོགས་པའི་ཕམ་ཉེས་ཀྱི་ཚོར་བས་ལུས་ཕུང་གི་སྐུལ་བསྟུན་མ་ལག་སྟེ། ཚོར་འགྲིམ་དབང་རྩ་ངར་ལངས་པ་དང་སྙིང་ཕྱོད་འཕར་བ་བཅས་ལ་སྐུལ་སློང་བྱེད་སྲིད། སྐྱེ་ལུགས་ཀྱི་རྣམ་པ་འདི་ཏག་ཏག་གཉིད་ཁུག་པར་མཁོ་བའི་ཆ་རྐྱེན་དང་ཡོངས་སུ་ལྡོག་ཡོད། གཉིད་ནི་དབང་རྩའི་མ་ལག་ལྷིང་འཇགས་སུ་གྱུར་ན་ད་གཟོད་འབྱུང་སྲིད་པས། ཇི་ལྟར་འབད་པ་བྱས་ན་དེ་ལྟར་གཉིད་མི་ཁུག་པའི་གནས་ཚུལ་འབྱུང་སྲིད།

གཉིས། ཆུ་ཚོད་ལ་ལྟ་བསམས་ནས་སྲོན་མི་ཐུབ་ན་ཇི་ལྟར་བྱ།

གལ་ཏེ་ཆུ་ཚོད་ལ་ལྟ་བསམས་ནས་ཚོད་འཛིན་བྱེད་མི་ཐུབ་ན། གཤམ་གྱི་ཐབས་ལམ་ལ་བརྟེན་ཆོག

ཆེས་སྟབས་བདེ་ཞིང་ཕན་ནུས་ལྡན་པའི་ཐབས་ཤེས་ནི་དངོས་ལུགས་ཀྱི་བར་བཅད་ཡིན། ཉལ་ཁང་ནང་དུ་ཅོང་དང་རིག་ནུས་ལག་འདོགས་ཆུ་ཚོད། ལག་འཁྱེར་ཁ་པར་བཅས་མི་འཁྱེར་བ།

གཉིད་ལས་སད་རྗེས་གལ་ཏེ་ཡང་བསྐྱར་གཉིད་མ་ཁུག་ན། ཡར་ལངས་ཏེ་མུན་ནག་གི་ཁོར་ཡུག་ཏུ་སོང་ནས་གཉིད་འབབ་དུས་ད་གཟོད་ཕྱིར་ཉལ་ཁྲིའི་སྟེང་ལོག་པ།

མལ་ལས་ལངས་པའི་དུས་ཚོད་གཏན་ཁེལ་བྱས་ཏེ། མདང་དགོང་གཉིད་ཅི་ཙམ་མི་བཟང་རུང་། ཉིན་རེའི་དུས་ཚོད་ལྟར་མལ་ལས་ལངས་པ།

ངོས་འཛིན་ལ་འགྱུར་བ་བཏང་སྟེ། “ངེས་པར་དུ་ཆུ་ཚོད་བརྒྱད་ལ་གཉིད་དགོས”ཞེས་པའི་འདུན་པ་དོར་ནས་མཚམས་རེར་ནམ་གུང་གཉིད་ལས་སད་ཀྱང་སྐྱོན་མེད་པས། སེམས་ཁྲལ་ཆེན་པོ་བྱ་མི་དགོས།

གནོན་ཤུགས་སེལ་ཤེས་དགོས། གསུས་པས་དབུགས་འབྱིན་རྔུབ་བྱེད་པ་དང་རིམ་འཕེལ་རྣམ་པའི་ཤ་གནད་ལྷོད་ན། ལུས་ཕུང་སད་པའི་ཚད་ཇེ་དམའ་རུ་གཏོང་ཐུབ།

གལ་ཏེ་གཉིད་མི་ཁུག་པའི་ཐེངས་གྲངས་མང་བ་དང་ཉིན་དཀར་གྱི་རྣམ་རིག་ལ་ཤུགས་རྐྱེན་མངོན་གསལ་ཐེབས་ཚེ། ཆེད་ལས་སྨན་པའི་རོགས་རམ་ལ་བརྟེན་དགོས།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།