
མི་མང་པོ་ཞིག་གིས་མགོ་སྨན་ནི་ནད་ཐམས་ཅད་འཇོམས་པའི་སྨན་ཞིག་ཏུ་བརྩིས་ཏེ། ལག་པ་དང་རྐང་པ། མཁྲིས་པ། ཕོ་བ་སོགས་གང་ན་ཡང་མགོ་སྨན་ འཐུང་བཞིན་འདུག ལྷག་པར་དུ་རྒན་པ་རྣམས་ཀྱི་ཁྲོད་ཉིན་རེར་མགོ་སྨན་ཐེངས་བཞི་ལྔ་ཙམ་འཐུང་མཁན་ཡང་ཡོད་ལ། མགོ་སྨན་འཐུང་བ་ནི་དུས་རྒྱུན་གྱི་གོམས་གཤིས་སུ་ཆགས་འདུག
མི་མང་ཆེ་ཤོས་ཀྱིས་མགོ་སྨན་འཐུང་རྒྱུ་མང་དྲགས་ན་གནོད་པ་ཅི་ཡོད་ཤེས་ཀྱིན་མི་འདུག ཆེད་མཁས་པས་གསུངས་པ་ལྟར་ན། མགོ་སྨན་གྱི་ནང་དུ་ཁཱ་ཧྥེ་ཡུན་དང་ཨན་ཅི་པི་ལིན་ཞེས་པ་སོགས་ཀྱི་རྒྱུ་ཆ་ཡོད་པས་ཐེངས་གཅིག་གཉིས་ཙམ་འཐུང་རྗེས་ཡང་བསྐྱར་འཐུང་བསམ་ཞིང་གོམས་ལོབས་སུ་འགྱུར་སླ་བ་རེད། ད་དུང་མགོ་སྨན་འཐུང་དྲགས་ན་ཀླད་པ་དང་ཕོ་བ། མཁལ་མ་སོགས་ལའང་གནོད་པ་ཚབས་ཆེན་ཐེབས་པར་མ་ཟད། ལྷག་པར་དུ་མིའི་དྲན་པ་ཉམས་པ་དང་། མཚན་མོ་གཉིད་མི་ཡོང་བ་སོགས་ཀྱི་གནོད་པ་སྐྱེལ་སྲིད། དེ་བས་མགོ་སྨན་འཐུང་རྒྱུ་ཇེ་ཉུང་དུ་བཏང་ན་ཧ་ཅང་བཟང་། གལ་ཏེ་ལུས་ཕུང་མི་བདེ་བའི་སྣང་ཚུལ་བྱུང་ཚེ་སྨན་ཁང་དུ་སོང་ནས་བརྟག་དཔྱད་ལེགས་པོ་བྱས་ཏེ། སྨན་པའི་ངག་བཀོད་བཞིན་སྨན་འཐུང་བ་ལས་རང་ཉིད་ཀྱིས་གང་འདོད་དུ་འཐུང་མི་རུང་།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།