ཟ་མ་ཟ་སྐབས་གོམས་གཤིས་ངན་པ་འདི་དག་ལ་ཡིད་གཟབ་གནང་དགོས།

ཁུངས། ཀློག་གྲངས།

​  ཟ་མ་ཟ་སྐབས་ངེས་པར་དུ་གཤམ་གྱི་གོམས་གཤིས་ངན་པ་ལྔ་ལ་ཡིད་གཟབ་གནང་དགོས་ཀྱི་འདུག  དེ་ཡང་། རྔམ་ཟ་རྔམ་འཐུང་བྱེད་པ་དང་ཁོང་ཁྲོ་ལངས་པ་སོགས་སེམས་མི་སྐྱིད་པར་རྔམ་ཟ་བྱེད་པ། དགོང་ཟས་ཟ་བའི་དུས་ཚོད་ལ་ངེས་པ་མེད་པ། སྐབས་རེ་ལྟོགས་སྒོམ་བརྒྱབ་ནས་སྡོད་པ་དང་སྐབས་རེ་ཚད་ལས་བརྒལ་ཏེ་ཟ་བ། གཙོ་ཟས་ཏེ་འབྲས་དང་གྲོ་ཞིབ། རྩམ་པ་སོགས་དུས་ཡུན་རིང་པོའི་ནང་ཉུང་ཉུང་ལས་མི་ཟ་བ་བཅས་ཡིན།

གོམས་གཤིས་ངན་པ་དེ་དག་གིས་མི་རྒས་སླ་བ་དང་། ཁྲག་རྩ་དང་ཕོ་རྒྱུར་གནོད་པར་མ་ཟད། ད་དུང་ཀླད་པའི་ཁྲག་རྩ་རྡོལ་བའི་ཉེན་ཁ་ཆེ་རུ་འགྲོ་བ་ཡིན།

དེ་ན་ཞོལ་ནས་ལུགས་མཐུན་སྒོས་བཟའ་བཏུང་བསྟེན་ཐབས་ངོ་སྤྲོད་ཅིག་བྱས་ན།

གཅིག   དགོང་ཟས་དེ་རྒྱགས་ཚད་མི་ཟ་བར་ཕོ་བའི་འགྲངས་ཚད་བཅུ་ཆའི་བདུན་ཙམ་བཟས་ནས། ཕོ་བ་དང་རྒྱུ་མར་གནོན་ཤུགས་ཆེན་པོ་མི་བཟོ་བ།

གཉིས།  ཁོང་ཁྲོ་ལངས་པ་སོགས་སེམས་མི་སྐྱིད་པའི་སྐབས་ཟས་མི་ཟ་བར། སྔོན་ལ་དབུགས་རིང་ཐེངས་ཁ་ཤས་འབྱིན་རྔུབ་བྱེད་པའམ་གཞན་ལ་རང་ཉིད་ཀྱི་མི་སྐྱིད་པའི་གནས་ཚུལ་དེ་ལྷུག་པོར་བརྗོད་པ། ཡང་ན་འགུལ་སྐྱོད་ཅུང་ཟད་བྱེད་པ་སོགས་བྱས་ནས། སེམས་ལྷོད་པོར་གྱུར་རྗེས་ད་གཟོད་ཟ་མ་ཟ་བ།

གསུམ། དགོང་ཟས་ཟ་བའི་དུས་ཚོད་དེ་གང་ཐུབ་ཀྱིས་གཏན་འཁེལ་བྱེད་དགོས་པ་དང་། དུས་ཚོད་འཕྱི་དྲགས་ན་མི་བཟང་།

བཞི། ཉིན་རེའི་ཟས་ཐུན་གསུམ་དུས་ལྟར་ཟ་དགོས་ཏེ། ཞོགས་ཟས་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་བརྒྱད་དང་ཕྱེད་ཀའི་བར་ཟ་བ་དང་། ཉིན་གུང་ཆུ་ཚོད་བཅུ་གཅིག་ནས་གཅིག་དང་ཕྱེད་ཀའི་བར་ཟ་བ། དགོང་ཟས་ཆུ་ཚོད་བདུན་གྱི་རྗེས་སུ་མ་ཟས་ན་ལེགས།   ཀུན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ནི་གོང་གསལ་གྱི་དུས་ཚོད་དེ་གསུམ་ནི་རང་རྒྱལ་གྱི་ཤར་རྒྱུད་དང་དབུས་རྒྱུད་ཁུལ་གྱི་དུས་ཚོད་ལ་གཞིགས་པ་ཞིག་ཡིན་པས། བོད་ལྗོངས་སོགས་ནུབ་རྒྱུད་ས་ཁུལ་དུ་ཡིན་ན་དུས་ཚོད་དེ་དག་བབ་བསྟུན་གྱིས་ཕྱི་རུ་བཏང་ན་འགྲིག

ལྔ། འབྲས་དང་གྲོ་ཞིབ། རྩམ་པ་སོགས་གཙོ་ཟས་བསྟེན་རྒྱུ་ཉུང་དྲགས་མི་རུང་སྟེ།  དར་མ་རྣམས་ཀྱིས་ཉིན་རེར་འབྲུ་རིགས་ཁེ་ཉིས་བརྒྱ་ནས་སུམ་བརྒྱ་ཟ་བ་དང་། དེར་མ་ཟད་ཞོག་ཁོག་གི་རིགས་སོགས་བསྡེབས་ནས་འཚོ་བཅུད་སྙོམས་པོ་ཡོང་བ་བྱེད་དགོས།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།