
མཛེས་སྡུག་ལྡན་པའི་ཁོར་ཡུག་དང་མཛེས་སྡུག་ལྡན་པའི་འཚོ་བ་ནི་ང་ཚོ་དང་ཁ་བྲལ་ཐབས་མེད་པའི་ཐ་སྙད་གལ་ཆེན་ཞིག་ཡིན་པ་དང་། མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱ་རྒྱུ་དེ་ང་ཚོ་འཚོ་གནས་བྱེད་པའི་ཁོར་ཡུག་དང་ཁ་བྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་། མི་དམངས་ཡོངས་ཀྱིས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། མི་རྣམས་ཀྱི་དངོས་པོའི་འཚོ་བ་དང་འཛད་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་དངོས་པོའི་དཔལ་ཡོན་ལས་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་དེ་བས་མང་བ་འཚོལ་སྙེགས་བྱེད་ཀྱི་ཡོད། མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་མཐོ་བའི་རེ་བ་བཅངས་ནས། བདེ་ཐང་གི་འཐུང་ཆུ་དང་། བདེ་ཐང་གི་ཟས་རིགས། སྔར་ལས་མང་བའི་རང་བྱུང་དབྱང་རླུང་ཁང་། ལྗང་མདོག་གི་མཛེས་སྡུག་ལྡན་པའི་ཡུལ་སྐོར་བྱ་ཡུལ་བཅས་ལ་རེ་བ་བྱེད་ཅིང་། དེ་དག་ཚང་མ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང་ཁ་བྲལ་ཐབས་མེད། ང་ཚོས་རང་ཉིད་ཀྱི་མིག་ཟུང་ལ་གཅེས་སྐྱོང་བྱེད་པ་ལྟར་ང་ཚོ་འཚོ་གནས་བྱེད་སའི་ཁོར་ཡུག་ལ་གཅེས་སྐྱོང་བྱས་ཚེ་གཞི་ནས་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སྤྱོད་བྱེད་ཐུབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་རང་བྱུང་ཁམས་ལ་བརྩི་བཀུར་གྱི་བསམ་བློ་བཅངས་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས”ཞེས་ནན་བཤད་གནང་བ་རེད། རང་བྱུང་ཁམས་ཀྱི་མཛེས་སྡུག་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་ང་ཚོར་བརྩི་བཀུར་གྱི་བསམ་བློ་ཡོད་དགོས་ལ། མི་དང་རང་བྱུང་ཁམས་བར་དང་མི་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་བར་འཆམ་མཐུན་མཉམ་གནས་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། མིའི་རིགས་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། རང་བྱུང་ཁམས་ལས་བྲལ་ཚེ་གནས་མི་ཐུབ་པ་དེ་མི་རྣམས་ཀྱིས་བློ་ལ་ངེས་དགོས། ང་ཚོས་རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་། རང་བྱུང་ཁམས་ཀྱི་མདུན་དུ་ཁེངས་སྐྱུང་གི་བསམ་པ་ཞིག་ནམ་ཡང་རྒྱུན་འཛིན་བྱ་དགོས། དེ་ལྟར་བྱས་ཚེ་གཞི་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་འཚོལ་སྙེགས་བྱེད་ཐུབ།
རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་སྲུང་སྐྱོབ་བྱས་ནས་རི་སྔོ་ཆུ་དྭངས་ཡོང་བར་འགན་ལེན་བྱེད་དགོས། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ནི་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་ཅེས་བརྗོད་ཆོག སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཚང་མས་མཉམ་དུ་འབད་བརྩོན་བྱས་ཚེ། གཞི་ནས་ཐུན་མོང་ཐོག་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་ཐུབ། མིག་སྔར་རྒྱལ་ཁབ་ཀྱིས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་གཞི་རྩའི་རྒྱལ་ཇུས་ཤིག་ཏུ་བརྩིས་ནས། རང་བྱུང་ཁོར་ཡུག་ནང་ཚུད་པའི་རི་དང་ཆུ། ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་བཅོས་སྐྱོང་བྱ་རྒྱུ་དེ། གནས་བབ་གལ་ཆེན་ཐོག་བཞག་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ས་གནས་ཁག་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག ས་གནས་དེ་གའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ཡུལ་བབ་དང་བསྟུན་པའི་སྒོ་ནས་ས་གནས་དེ་གར་འཚམ་པའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་ཐོག ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་སྐྱེ་ཁམས་འཆམ་མཐུན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་ཁྲོད་ཀྱི་མི་ཚང་མ་དང་ཚོགས་པ་ཚང་མས་ཀྱང་རྒྱལ་ཁབ་ཀྱི་འབོད་སྐུལ་ཧུར་ཐག་གིས་དང་ལེན་བྱས་ནས། ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐབས་ཤེས་དང་འཚོ་བ་སྐྱེལ་སྟངས་མངོན་འགྱུར་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
མདོར་ན། ང་ཚོ་ཉི་ཟླ་སྐར་གསུམ་དང་། གཙང་པོ། མཚེའུ། རྒྱ་མཚོ། རི་བོ་དང་ཞིང་ས། ཤིང་འབྲས་དང་སྡོང་པོ་སོགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དེ་དག་དང་མཉམ་གནས་བྱ་བསམ་ན། རང་བྱུང་ཁམས་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་དེ་བློ་ལ་བརྟན་པོར་ངེས་ནས། ད་ལྟ་ནས་འགོ་བཙུགས་ཏེ། མི་ཚང་མས་མཉམ་དུ་འབད་བརྩོན་བྱས་ནས་ང་ཚོའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཏན་ཏིག་བྱ་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།