

ཨ་ཆེན་གངས་རྒྱབ།


གཙོད་ཕྲུག་བསྐྱབས་པ།

རོགས་སྐྱོབ་བྱས་པའི་གཙོད་ཕྲུག་གསུམ།

ཉིན་རྒྱུན་གྱི་ལྟ་སྲུང་།

གཙོད་ཀྱིས་འབྲོང་ནག་མཚོ་འགྲམ་དུ་གཟན་རྩྭ་ཟ་བཞིན་པའི་རྣམ་པ།
དཔལ་མགོན་ད་ལོའི་ཟླ5པའི་ཚེས27ཉིན་འབྲོང་ནག་མཚོ་སྲུང་སྐྱོང་ས་ཚིགས་སུ་བཅའ་སྡོད་བྱས་ཤིང་། ཟླ7པའི་ཚེས24ཉིན་ལ་སླེབས་པ་ན། ཁོས་ད་གཟོད་ཕྲུ་གུ་བཙས་ཟིན་པའི་གཙོད་ཁྱུ་མཐའ་མ་དེའི་ཕྲུ་གུ་ཁྲིད་ནས་བདེ་འཇགས་ངང་ཕྱིར་ལོག་ངེས་པ་གསལ་ཐག་ཆོད། དཔལ་མགོན་དང་ཚོགས་པས་མཚོ་འཕང་སྨི5000ཙམ་ཡོད་པའི་འབྲོང་ནག་མཚོ་འགྲམ་དུ་ཉིན་མཚན59རིང་བསྲུངས་ནས་བསྡད།
ཉིན་མོ59ནི་གནམ་གཤིས་ངན་པ་དང་འགྲོགས་པའི་ཉིན་མོ59ཡིན་པ་དང་། ཁེར་རྐྱང་དང་ཁུ་སིམ་ལ་དོ་བསྡོ་བའི་ཉིན་མོ59ཡིན་ཕྱིར། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་རྒྱུན་འཁྱོངས་དང་གཙོད་ཁྱུའི་འགུལ་རྣམ་ལ་ལྟ་ཞིབ་ནན་མོ་བྱས་པའི་ཉིན་མོ59ཡིན། མཐོ་སྒང་གི་ཐལ་དྲགས་པའི་གནམ་གཤིས་དང་། སྨུག་ཕྱིའི་འོད་དྲགས་པ། སྐད་ཅིག་ཉིད་དུ་འགྱུར་བ་མང་བའི་གནམ་གཤིས་བཅས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རུ་མི་ཚོའི་ལུས་པོའི་ཚད་མཐའ་ལ་ཚོད་བགམ་བྱེད་བཞིན་ཡོད།
“རྒྱང་རིང་གི་མཚོ་འགྲམ་དུ་ཕྱོགས་བཞི་མཚམས་བརྒྱད་ནས་དཀའ་ངལ་བརྒྱུད་དེ་གནས་སྤར་ཡོང་བའི་གཙོད་ཁྱུ་ལྷིང་འཇགས་ངང་འདུས་ནས་ཕྲུ་གུ་བཙའ་བར་སྒུག་པ་ལ་བལྟ་བ་དང་། ཚེ་སྲོག་གསར་པས་ཡངས་ཤིང་རྒྱ་ཆེ་བའི་གནམ་སའི་བར་ན་གོམ་པ་ཁྱར་ཁྱོར་སྤོས་ནས་མཐར་ཨ་མའི་རྗེས་སྙེག་ནས་ཕྱིར་ལོག་པའི་ལམ་དུ་བསྐྱོད་པར་བལྟ་བའི་མོད་ལ།དཀའ་ངལ་ཡོད་ཚད་ལ་རིན་ཐང་འདུག་སྙམ།” གཙོད་ཁྱུ་མཐའ་མ་དེའི་གྲིབ་གཟུགས་རྒྱང་རིང་གི་གནམ་སའི་མཚམས་སུ་ཡལ་བར་གྱུར་པ་དེས2025ལོའི་འབྲོང་ནག་མཚོ་ཡི་ཕྲུ་གུ་བཙའ་བའི་དུས་ཚིགས་མཇུག་ལེགས་པོར་བསྒྲིལ་པ་མཚོན་པས།དཔལ་མགོན་དང་རུ་མི་ཚོའི་སེམས་པ་ད་གཟོད་བདེ་ལ་བབས་བྱུང་།
འོན་ཀྱང་སྐོར་སྲུང་བྱ་བ་ད་དུང་མཇུག་བསྒྲིལ་མེད་ལ། དེ་བས་ཀྱང་གལ་ཆེ་བའི་ལས་འགན་ཞིག་ཡོད་པ་ནི་ཚེ་སྲོག་ཆུང་བ་གསུམ་བདེ་འཇགས་ངང་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་གཙོད་སྐྱོབ་ལྟེ་གནས་སུ་འཁྱེར་རྒྱུ་དེ་རེད། 2025ལོར་འབྲོང་ནག་མཚོ་ཡི་ས་ཁོངས་སུ་སྲུང་སྐྱོང་ས་ཚིགས་ཀྱིས་གཙོད་མ་དང་ཁ་བྲལ་བའི་གཙོད་ཕྲུག་གསུམ་བསྐྱབས་པ་རེད། ཉམ་ཐག་པའི་ཚེ་སྲོག་ཆུང་ཆུང་དེ་དག་ཤི་གསོན་གྱི་ཚོད་བགམ་ལ་འཕྲད་ཡོད་པ་དང་། ཁག་ཅིག་སྟབས་མ་ལེགས་པར་གཙོད་མས་བསྐྱུར་པ་དང་། ལ་ལ་སྤྱང་ཁྱུ་ཡིས་འཇབ་རྒོལ་བྱས་པའི་ཁྲོད་དུ་གཙོད་ཁྱུ་དང་ཁ་བྲལ་བ་རེད།
ཕྲུ་གུ་བཙའ་བའི་དུས་ཚིགས་ལ་རེ་བས་ཁེངས་ཡོད་མོད། འོན་ཀྱང་རང་བྱུང་གི་གདུག་རྩུབ་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་དང་ཡང་འབྲལ་ཐབས་མེད། ཟླ6པའི་ཚེས25ཉིན། ཕྲུ་གུ་བཙའ་བའི་མཐོ་རླབས་ཀྱི་དུས་སྐབས་ཡིན་པས། དཔལ་མགོན་དང་རུ་མི་ཚོས་རྒྱུན་ལྡན་གྱི་སྐོར་སྲུང་ལས་འགན་སྒྲུབ་སྐབས། ཐང་སྟོང་དུ་ལུས་ནས་འདར་སིག་སིག་བྱེད་བཞིན་པའི་བཙས་མ་ཐག་པའི་གཙོད་ཕྲུག་ཅིག་མཐོང་བྱུང་།
ཚེ་སྲོག་ཆུང་ཆུང་དེ་ལ་མཚོན་ན་མཐོ་སྒང་གི་གྲང་རླུང་ནི་སྲོག་ལ་རྒོལ་བའི་འཇིགས་སྐུལ་ཞིག་རེད། རུ་མི་ཞིག་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཕྲལ་མར་རང་ཉིད་ཀྱི་ཕྱི་གོས་ཕུད་ནས་གཙོད་མས་བསྐྱུར་པའི་གཙོད་ཕྲུག་དེ་སེམས་ཆུང་གིས་བཏུམས་རྗེས་སྲུང་སྐྱོང་ས་ཚིགས་སུ་ཁྱེར། ས་ཚིགས་སུ་དཔལ་མགོན་གྱིས་རུ་མི་རྩ་འཛུགས་བྱས་ནས་མྱུར་དུ་རོགས་སྐྱོབ་ཀྱི་སྔོན་ཇུས་ལག་བསྟར་བྱས་ཏེ་གནས་སྐབས་ཀྱི“ཨ་ཕ”རུ་གྱུར། ཁོ་ཚོས་འཇིབ་རུ་སྤྱད་དེ་དུས་བཀག་དང་གྲངས་ཚད་ལྡན་པའི་སྒོ་ནས་གཙོད་ཕྲུག་ལ་འོ་མ་ལྡུད་པ་དང་། རོགས་སྐྱོབ་ཁང་གི་རླུང་རྒྱུ་བ་དང་དྲོད་སྲུང་སྙོམས་སྒྲིག་ཞིབ་ཚགས་བྱས་ཏེ། དེར་བདེ་འཇགས་དང་དྲོ་སྐྱིད་ཀྱི་གནས་མལ་ཞིག་བསྐྲུན།
ཨ་ཆེན་གངས་རྒྱབ་ནི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བར་དང་། དེ་ནས་རྒྱལ་ཁབ་སྤྱི་གླིང་དང་འཛམ་གླིང་གི་རང་བྱུང་ཤུལ་བཞག་གནས་སུ་གྱུར་པའི་བར་གྱི་མཆོང་སྐྱོད་ཀུན་ལ་དཔལ་མགོན་ལྟ་བུའི་རུ་མི་རྣམས་ཀྱི་སེམས་ཤུགས་དང་རྔུལ་ཆུ་འདུས་ཡོད།
2009ལོ་ནས་བཟུང་། ས་ཁོངས་སུ་ལྐོག་རྔོན་གྱི་གྱོད་གཞི་གཅིག་ཀྱང་བྱུང་མེད་ལ། ད་སྐབས་གཙོད་ཁྱུ་ཁྲི7ལྷག་ཡོད་པས། གཙོད་སོགས་རི་སྐྱེས་སྲོག་ཆགས་རྣམས་ལྷིང་འཇགས་དང་བག་ཕེབས་ངང་སྐྱེ་འཕེལ་བྱུང་ནས་མཚོ་བོད་ལམ་ཐིག་སྟེང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།