


དམག་དཔོན་ལུང་པ།

རྩྭ་ལོ་ལྗང་མདོག་ནས་ཡང་བསྐྱར་སེར་པོར་གྱུར་པ་དང་མེ་ཏོག་སྡུག་གུར་བཞད་པ་ནས་ཡང་བསྐྱར་རྙིད་པར་གྱུར་པའི་རི་ལུང་སྐྱ་བོ་དེ་ད་ལྟ་སྡེ་དམངས་ཕྱུག་འགྱུར་གྱི་གསེར་རི་དངུལ་རིར་འགྱུར་ཐུབ་པ་ཁང་ཧའེ་ལིན་གྱི་སེམས་ལའང་དྲན་མེད།
ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞང་དཔའ་བོད་རིགས་ཡུལ་ཚོ་ནི་སྔོན་ཆད་ཕྱོགས་གསུམ་རི་བོས་བསྐོར་བའི་ས་ཁུལ་ཞིག་ཡིན་པས། ཞིང་ཕྱུགས་གཉིས་ཀ་གཉེར་བའི་ཐོན་སྐྱེད་བྱེད་སྟངས་དེས། ཡུལ་དེར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ས་གཞི་དེ་དང་ཁ་འབྲལ་ཐབས་མེད་ལ། འཕེལ་རྒྱས་ཀྱི་བགྲོད་ལམ་ལེགས་པོ་ཞིག་དེ་བས་ཀྱང་མེད་པས། རྨོ་ཞིང་ལེགས་པར་འདེབས་པ་དང་སྒོ་ཕྱུགས་ལེགས་པར་སྐྱོང་བ་ལས་ཐབས་མེད།
ཁང་ཧའེ་ལིན་གནས་དེ་རུ་སྐྱེས་པ་རེད། སྟབས་ལེགས་པ་ཞིག་ལ་གནས་དེས་གདོད་མའི་རང་བྱུང་མཛེས་ལྗོངས་སོར་ཉར་བྱས་ཡོད་པ་དང་སྔོ་ཁེབས་སྟུག་པོ་ཡོད་པས་རང་བྱུང་ཁམས་དང་ཐག་ཉེ་བའི་གནས་ཡག་པོ་ཞིག་རེད། 2017ལོའི་སྔ་གཞུག་ཏུ་སྐྱེ་ཁམས་ཐོན་ཁུངས་བཟང་པོར་བརྟེན་ནས་ཁང་ཧའེ་ལིན་གནས་སའི་དམག་དཔོན་ལུང་སྡེ་བར་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་མགོ་བཙུགས་པས། སྡེ་བའི་རྨང་གཞིའི་སྒྲིག་བཀོད་ལའང་དེ་དང་ཆབས་ཅིག་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
སྡེ་མི་ཚོས་སྐྱེ་ཁམས་ཁེ་སྤོགས་དེ་རིམ་བཞིན་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་དང་ཁང་ཧའེ་ལིན་ཡང་དེ་ལས་མ་འདས། ད་ལྟ་ལོ་ན65ལ་སོན་པའི་ཁང་ཧའེ་ལིན་གྱིས་སྒོ་འགྲམ་དུ་ལས་ཀ་གཉེར་ཏེ་ལོ5འགོར་ཡོད་པ་དང་ཟླ་གཅིག་ལ་ཡོང་འབབ་སྒོར3000ཡོད།
ཉེ་ལམ། གསར་འགོད་པ་དམག་དཔོན་ལུང་སྡེ་བར་སོང་ནས་ཁང་ཧའེ་ལིན་དང་འཕྲད་སྐབས་ཁོ་ཡུལ་སྐོར་པ་སྣེ་ལེན་བྱེད་པར་བྲེལ་བཞིན་འདུག
ད་ལྟའི་འཚོ་བའི་སྐོར་གླེང་སྐབས། ཁང་ཧའེ་ལིན་གྱིས“ལོ་ན་ཆེན་པོ་འདི་འདྲའི་སྐབས་སུའང་ད་དུང་གླ་ཕོགས་ཤིག་རེག་ཐུབ་པ་སེམས་སུ་དྲན་ག་ལ་ཐུབ། དེ་དག་ཡོད་ཚད་སྒོ་ཁའི་རི་ཆུ་བཟང་པོར་ཐུགས་རྗེ་ཆེ་ཞུ་དགོས”ཞེས་མྱོང་ཚོར་ཟབ་མོས་བཤད།
ཞང་དཔའ་ཡུལ་ཚོའི་མཚོ་འཕང་སྨི2750ནས་སྨི4284བར་ཡོད་པ་དང་། རྨོ་ཞིང་མུའུ་ཁྲི3དང་། ནགས་ས་མུའུ་ཁྲི2དང་རྩྭ་ས་མུའུ་འབུམ་གཅིག་དང་ཁྲི་བརྒྱད་བཅས་ཡོད། རྨ་ཆུའི་ཆུ་རྒྱུན་རིམ་པ་གསུམ་པའི་ཡན་ལག་ཡིན་པའི་ཏུང་ཞ་ཆུ་བོ་དེ་ནས་བྱུང་བ་དང་ས་ཁོངས་ནང་སྤྱི་ལེ14ཡོད་པའི་ཏུང་ཞ་ཆུ་བོ་ཀྱག་ཀྱོག་ངང་བཞུར་གྱིན་ཡོད་ལ། དེས་ཞང་དཔའ་ཡུལ་ཚོའི་རི་ལུང9ཡི་གསེབ་ཏུ་འཚོ་བའི་སྡེ་མི་གསོ་སྐྱོང་བྱེད་ཀྱིན་ཡོད་པ་དང་། ལོ་ལྟར་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་བྱེ་བ་བརྒྱད་ཙམ་རྒྱུན་ཆད་མེད་པར་བཞུར་གྱིན་ཡོད།
“ལོ་རེའི་ཟླ5པར། རི་རྒྱབ་ཀུན་ཏུ་སྟག་མའི་མེ་ཏོག་དཀར་པོ་དང་འུ་སུ་མེ་ཏོག་སྔོན་མོ་བཞད་ཡོད། ད་ལྟ་རི་སྟེང་དུ་རི་སྐྱེས་པད་མའི་མེ་ཏོག་བཞད་ཡོད།”ཁང་ཧའེ་ལིན་གྱིས་བསྟན་པའི་ཕྱོགས་སུ་བལྟས་པ་ན། རི་དཀྱིལ་གྱི་ཅུང་སྙོམས་པའི་སྤང་ལྗོངས་ཤིག་གི་སྟེང་དུ་ཚོད་དཔག་བྱས་ན་རྩྭ་པད་མ་རྐང་ཉི་ཤུ་སུམ་ཅུ་ཡོད་པ་དང་། མེ་ཏོག་བཞད་པའི་རྩྭ་པད་མ་དམར་པོ་རླུང་གི་ཁྲོད་དུ་གཡོ་འགུལ་བྱེད་བཞིན་ཡོད། དེའི་བར་དུ་ཡུལ་སྐོར་པ་རྣམས་ཀྱིས་མཉམ་པར་རྒྱག་བཞིན་ཡོད་ལ། ཡུལ་སྐོར་པའི་དགོད་སྒྲ་དུས་ངེས་མེད་དུ་དམག་དཔོན་ལུང་བར་མཆེད་བཞིན་འདུག
ཡར་སྔོན་དུ། ཁང་ཧའེ་ལིན་གྱིས་མེ་ཏོག་དང་རྩི་ཤིང་དེ་དག་ལ་རིན་ཐང་ཡོད་བསམ་མ་མྱོང་། གང་ལགས་ཤེ་ན། ཞང་དཔའ་ཡུལ་ཚོའི་གང་སར་ཡུལ་ལྗོངས་དེ་འདྲས་ཁྱབ་ཡོད་པས། རི་ཁུལ་གྱི་སྨན་རྩྭ་སྒོར་མོ་འགར་བརྗེ་ཐུབ་པ་ཁོ་ན་ཙམ་རེད། “སྔོན་ཆད་ང་ཚོ་རྫ་མགོར་སོང་ནས་སྨན་རྩྭ་བརྐོས་ཏེ་བཙོང་གི་ཡོད། ལྷག་པར་ལན་ཆུའེ་རི་བོའི་སྟེང་དུ་རི་སྐྱེས་སྨན་རྩྭ་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་ད་ལྟ་ཚང་མས་གནས་དེ་ནས་རྩྭ་རྐང་གཅིག་དང་སྡོང་པོ་རྐང་གཅིག་བརྐོ་མི་ཉན་པ་ཤེས་ཡོད”ཟེར།
ཅིའི་ཕྱིར་བརྐོ་མི་རུང་ཞེ་ན། དེ་ནི་རྟ་ཐང་པེ་ཁྲོན་ཆུ་བོའི་འབྱུང་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏོགས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་གསེར་རི་དང་དངུལ་རིར་བརྗེ་བའི་མ་རྩ་ཡིན་པའི་རྐྱེན་གྱིས་རེད།
དམག་དཔོན་ལུང་སྡེ་བའི་རི་བོ་མཛེས་ལ་ཆུ་བོ་དྭངས་པ་དང་། དེ་ནི་པེ་ཁྲོན་གཙང་པོའི་མགོ་ཁུངས་ཡིན། སྡེ་བའི་ནང་ནགས་ཚལ་ཅུང་མང་ཞིང་དུས་ཚིགས་བཞིའི་ཡུལ་ལྗོངས་སོ་སོར་ཁྱད་ཆོས་ཡོད། མི་རྣམས་ཀྱིས་གདོད་མའི་སྐྱེ་ཁམས་ཀྱི་རང་བྱུང་མཛེས་ལྗོངས་སྙེག་བཞིན་པའི་དུས་འདིར། དམག་དཔོན་ལུང་སྡེ་བས་གོ་སྐབས་དམ་འཛིན་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་མངོན་འགྱུར་བྱུང་ཡོད།
2017ལོར་དམག་དཔོན་ལུང་སྡེ་བས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་ལོ་རྒྱུས་རིག་གནས་ལ་བརྟེན་ནས་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གཉིས་བརྩོན་ལེན་བྱས་པས། ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་པ་དང་སྐྱེ་ཁམས་ཐོན་ཁུངས་སུ་བསྒྱུར་བར་ཐོག་མར་ཕན་འབྲས་ཐོན། དེའི་རྗེས་ཁང་ཧའེ་ལིན་གྱིས་སྒོ་འགྲམ་དུ་ལས་ཀ་ཞིག་རེག་པར་མ་ཟད། ད་དུང་བཟའ་ཟླ་དང་མཉམ་དུ་མཛེས་ལྗོངས་ཁུལ་གྱི་སྒོ་འགྲམ་དུ་ཚོང་ཁང་ཆུང་ཆུང་ཞིག་ཕྱེས་ཐུབ་བྱུང་།
སྡེ་བའི་ནང་དམངས་སྲོལ་སྡོད་ཁང་ཕྱེས་པ་དང་བཟའ་བཏུང་གཉེར་བ་དེས་སྡེ་མི་ཕྱུག་པོར་གྱུར་ཅིང་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ལྡན་དུ་བཏང་ལ། ལམ་ལས་ནས་ཁང་པ་བསྐྲུན་པ་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བས། སྡེ་མིའི་ཉམས་འགྱུར་ཇེ་བཟང་དུ་ཕྱིན་ཡོད།
“རིན་ཐང་མེད་པའི་མེ་ཏོག་དང་རྩི་ཤིང་དེ་དག”ནི་ད་སྐབས་ཁང་ཧའེ་ལིན་གྱི་སྲུང་སྐྱོང་བྱ་ཡུལ་དུ་གྱུར་ཡོད། ཁོའི་འགན་འཁྲིའི་ཁྲོད་ཀྱི་གཅིག་ནི་ཡུལ་སྐོར་པ་རྣམས་ལ་རྩྭ་ཤུན་ལ་གཏོར་བརླག་མི་བྱེད་པ་དང་། རི་སྐྱེས་མེ་ཏོག་མི་འཐུ་བ།སྨན་རྩྭ་དེ་བས་ཀྱང་འཐུ་མི་རུང་བའི་ཁ་ཏ་བསླབ་བྱ་བྱེད་རྒྱུ་དེ་རེད། “དེ་གའི་མེ་ཏོག་དང་རྩི་ཤིང་ལ་སྲུང་སྐྱོང་ཡག་པོ་བྱས་ན་ད་གཟོད་ཡུལ་སྐོར་པ་དེ་བས་མང་པོ་སྡེ་བའི་ནང་རྩེད་མོ་རྩེ་རུ་འགུག་ཐུབ”ཅེས་བབ་ཆགས་ཀྱི་གནས་ལུགས་དེ་སྔ་མོ་ནས་ཁང་ཧའེ་ལིན་གྱི་སེམས་སུ་འཇགས་ཡོད།
ལྷ་མོ་འཚོས་རྩོམ་སྒྲིག་བྱས།