

ས་ཁོངས་ཀྱིས་མཚོ་སྔོན་ལ་མཚོ་འཕང་གི་མཐོ་ཚད་འགོད་སྐབས་རྒྱང་རིང་ཞིང་བརྗིད་ཉམས་ལྡན་པའི་རི་དང་ཆུ་བོ་མཚེའུ་བཅས་དང་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་རང་བྱུང་གི་སྐྱེ་སྟོབས་ཀྱང་བསྐྲུན་ཡོད། “ཀྲུང་ཧྭའི་ཆུ་མཛོད”སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། ཀྲུང་གོའི་སྐམ་སའི་ཚྭ་མཚོ་ཆེ་ཤོས་ཡིན་པའི་མཚོ་སྔོན་པོ། ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མདོ་ལ་རིང་མོ་སོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་ཤོག་དྲིལ་ངོས་སུ་ལྗང་མདོག་གི“ཞབས་རྗེས”བཞག་ནས་མི་དང་བྱ་གཞག་མཐའ་དག་དར་ཞིང་རྒྱས་པའི་ཡུལ་ལྗོངས་ཧྲིལ་པོའི་པར་རིས་དཔར་ཡོད།
སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཀྱི་ཚན་རྩལ་གྱི་ནུས་པར་དམིགས་ནས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྐྱོབ་གསོའི་ས་ཚིགས་ཀྱི་འགན་འཁུར་པ་མ་ཚུན་ཞིན་གྱིས་ཚན་རྩལ་གྱིས་རི་སྐྱེས་སྲོག་ཆགས་ལ་བརྟག་དཔྱད་བྱས་པར་སྐྱེལ་ཡོང་བའི་འགྱུར་ལྡོག་སྐོར་བརྗོད། ཁོས་བཤད་རྒྱུར། དེ་སྔ་རྒྱུན་སྲོལ་གྱི་མ་དཔེ་བརྟག་དཔྱད་བྱེད་སྐབས་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་། གྲངས་ཚད། སྐྱེ་ཁམས་བཅས་སྟབས་བདེའི་ངང་ཟིན་ཐོར་འགོད་ཐུབ་པ་ཙམ་ཡིན་མོད། འོན་ཀྱང་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། དམར་ཕྱིའི་པར་ཆས་དྲ་མིག་ཅན་དུ་བཀོད་སྒྲིག་བྱས་ནས་བརྟག་དཔྱད་ཀྱི་རམ་འདེགས་ལག་ཆ་གལ་ཆེན་ཡོད་པས། གྲངས་འབོར་ཇེ་མང་དུ་ཕྱིན་པ་དང་དུས་མཚུངས་སུ་ཁྱབ་པའི་རྒྱ་ཁྱོན་ཡང་ཆེ་རུ་འགྲོ་བཞིན་ཡོད།
རི་བོ་མཐོ་ཞིང་ལུང་བ་ཟབ་པ་དང་ཐོན་ཁུངས་རྩ་ཆེ་བའི་མདོ་ལ་རིང་མོའི་ངོས་ནས་བརྗོད་ན། ཚན་རྩལ་བྱ་ཐབས་བེད་སྤྱོད་བྱས་པ་དེས་མི་སྲིད་པ་གྲངས་མེད་ཅིག་སྲིད་པར་གྱུར་ཡོད། གསའ་ནི་མཐོ་སྒང་གི་སྲོག་ཆགས་རྔོན་ཟ་བྱེད་མཁན་རྩེ་གྲས་ཤིག་ཡིན་པས། མཐོང་དཀའ་བ་ཞིག་ཡིན་ནའང་དམར་ཕྱིའི་པར་ཆས་ལ་བརྟེན་ནས་གསའ5སྒྲོམ་གཅིག་གི་ནང་དུ་མངོན་པའི་པར་རིས་རྩ་ཆེན་ཟིན་ཐོར་བཀོད་པ་དང་། ཐ་ན་ཕྱིས་སུ་རྩྭ་གཡི5སྒྲོམ་གཅིག་དང་། གཡི་སེར5སྒྲོམ་གཅིག ཁྲི་ལེ6སྒྲོམ་གཅིག་ཏུ་བུད་པ་སོགས་འཛམ་གླིང་ཐོག་མཐོང་དཀའ་བའི་པར་རིས་རྩ་ཆེན་ཡང་མདོ་ལ་རིང་མོར་མཚར་སྡུག་གིས་མངོན་ཡོད།
མིག་སྔའི་བར་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་ལྟ་ཞིབ་ཚད་ལེན་བརྟག་དཔྱད་ལས་གཞི120ལྷག་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཡོད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་གཞི་རྩའི་གཞི་གྲངས“རྩིས་ཐོ་གཅིག”དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི“རེའུ་མིག་གཅིག”སྐྱེ་དངོས་རིགས་ལྟ་ཞིབ་ཚད་ལེན་བྱེད་པའི་བརྟག་དཔྱད“རི་མོ་གཅིག”བཅས་ནས་མགོ་བརྩམས་ཏེ། རྒྱལ་ཁབ་སྤྱི་གླིང་གི“གཅིག་ཅན་གསུམ”ཚན་ཞིབ་གཞི་གྲངས་མ་ལག་བཙུགས་ཤིང་། གསའ་ལྔ་དང་རྩྭ་གཡི་བཅུ་གཅིག ཁྲུང་ཁྲུང་སྐེ་ནག38བཅས་ཀྱི་འཁོར་སྐར་རྗེས་འདེད་ལྟ་ཞིབ་ཚད་ལེན་ལེགས་གྲུབ་བྱུང་ནས། རང་རྒྱལ་གྱི་འབྲེལ་ཡོད་སྐྱེ་དངོས་རིགས་ལྟ་ཞིབ་ཚད་ལེན་གཞི་གྲངས་ཐད་ཀྱི་སྟོང་ཆ་བསྐངས་ཡོད།
“ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་བྱ་ཡུལ་ལ་དཔེ་བཞག་ན། བརླན་ས་དང་འབྲོག་པའི་རྩྭ་ས་རིམ་བརྩེགས་ཀྱི་གནས་ཚུལ་ཡོད་པས། ཚན་རྩལ་བྱེད་ཐབས་དེ་སྐྱེ་ཁམས་སྲུང་སྐྱོང་ཐད་སྤྱད་ཚེ་གནས་སྤོ་དང་འཚོ་སྡོད་བྱེད་པའི་བརྒྱུད་རིམ་ཁྲོད་འབེན་ཕྱོགས་རང་བཞིན་གྱིས་དུས་ཚིགས་རང་བཞིན་གྱི་ཕྱུགས་འཚོ་སྐྱོང་བྱས་ཏེ་གནད་འཁེལ་ཅན་གྱི་བྱེད་ཐབས་ཐོག་ནས་སྲུང་སྐྱོང་བྱས་ན་ཕན་འབྲས་དེ་བས་ལེགས་པ་ཐོན་ཐུབ”ཅེས་མ་ཚུན་ཞིན་གྱིས་དེ་ལྟར་བཤད།
མདོ་ལ་རིང་མོས་འཁྱགས་ཀླུང་དང་གངས་རི་མང་པོ་ཞིག་བསྐྱེད་ཡོད་པ་དང་ཧྲུའུ་ལི་ལྷོ་རིའི་རི་རྒྱུད་ཀྱི་གངས་དཀར་ཕྱོགས་ལེའི་འཁྱགས་རི་ནི་བུ་ཧ་ཆུ་བོའི་མགོ་ཁུངས་ཡིན་ལ། བུ་ཧ་ཆུ་བོའང་མཚོ་སྔོན་པོའི་ཁ་གསབ་ཆུ་བོ་མང་པོའི་ཁྲོད་ཆུའི་བཞུར་ཚད་ཆེ་ཤོས་ཀྱི་ཆུ་བོ་ཞིག་ཀྱང་རེད། ཐེམ་ཆེན་ནི་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ས་ཁོངས་གལ་ཆེན་ཞིག་ཡིན་པས། ཉེ་ལམ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཐེམ་ཆེན་དོ་དམ་ཡན་ལག་ཅུའུ་དང་ཅོང་ཆུ། མཁར་དམར། གཡག་ཁེངས་བཅས་ཀྱི་སྲུང་སྐྱོང་ས་ཚིགས་ཀྱི་སྒོ་བྱང་བཀལ།
གསར་འཛུགས་བྱེད་བཞིན་པའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་ངོས་ནས་བརྗོད་ན། སྲུང་སྐྱོང་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་གསར་འཛུགས་ཀྱི་ལས་འགན་གཙོ་བོ་རེད། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་རྐང་ཚ་དོ་དམ་ཡན་ལག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧོན་མིང་གིས་སྲུང་སྐྱོབ་ས་ཚིགས་ནི་རིམ་གསུམ་དོ་དམ་སྒྲིག་སྲོལ་གྱི་ཆེས་གཞི་རིམ་དུ་གནས་ཤིང་། ལས་ཡུལ་དང་པོའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་། སྐྱེ་དངོས་རིགས་སྲུང་སྐྱོབ། ཚན་ཞིབ་སློབ་གསོ་སོགས་ཀྱི་ལས་འགན་གལ་ཆེན་འཁུར་བཞིན་ཡོད། དེ་ནི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་རྨང་རྡོ་དང“མདུན་ཕྱོགས་ཀྱི་སོ་ལྟ་ཁང་ཡིན་པས་སྲུང་སྐྱོང་ས་ཚིགས་འཛུགས་སྐྲུན་དང་དོ་དམ་ལས་དོན་གཅིག་གྱུར་གྱིས་ལེགས་པར་བསྒྲུབས་ནས་ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་བྱ་དགོས”ཟེར།
ད་ལོ་ནས་བཟུང་མཚོ་སྔོན་པོའི་མཐའ་འཁོར་གྱི་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་དཔུང་སྡེ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་། དེའི་ནང་གུང་ཧོ་རྫོང་གིས་མ་དངུལ་སྒོར་ས་ཡ་གཅིག་སྤྱད་དེ་སྐྱེ་ཁམས་བདག་སྐྱོང་པ20སྡུད་ལེན་བྱས་པ་དང་། རྐང་ཚ་རྫོང་གིས་མ་དངུལ་སྒོར་འབུམ་བཞི་སྤྱད་དེ་སྐྱེ་ཁམས་བདག་སྐྱོང་པ20སྡུད་ལེན་བྱས་ནས། རྫོང་གིས་གདན་ཞུ་དང་ས་ཚིགས་ཀྱིས་སྤྱོད་པའི་བྱེད་ཐབས་སྤྱད་པ་དང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་སྐྱེ་ཁམས་བདག་སྐྱོང་པ30སྡུད་ལེན་བྱས་ཏེ། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་བདག་སྐྱོང་པ70ལྷག་ལ་སླེབས།
ལྷ་མོ་དོན་འགྲུབ་ནི་འོམ་ཆུའི་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་ཞིང་། ཉིན་ལྟར་སྐོར་སྲུང་བྱེད་ཚད་མང་དུ་བཏང་སྟེ། སྒེར་བསྐོར་ཡུལ་སྐོར་པས་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་སུ་སྒར་བརྒྱབ་ནས་བཟའ་བཏུང་ལ་མི་རོལ་བའི་ཁ་ཏ་བསླབ་བྱ་བྱས་པ་དང་། མཚོ་འཁྱིལ་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་དགྲ་ལྷ་ཡང་དེ་དང་འདྲ་སྟེ།དེ་ནི་གསེར་ཉ་གྱེན་རྐྱལ་གྱི་བགྲོད་ལམ་ཡིན་ལ་ཡུལ་སྐོར་པ་ཅུང་གཅིག་སྡུད་ཀྱི་ས་ཁོངས་ཤིག་ཀྱང་ཡིན་པས་ཁོས་ཉིན་ལྟར་སྐོར་སྲུང་བྱེད་སྐབས་སེམས་ཤུགས་གང་ཡོད་ཀྱིས་འགན་འཁྲི་བསྒྲུབས་ཏེ། གྲམ་པའི་གཙང་སྦྲ་འགན་ལེན་བྱས་ནས་གཞི་རིམ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་དང་བྱེད་ཀྱིན་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།